མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རང་སྲེག་ལ་ངན་སྐུལ་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རང་སྲེག་བྱེད་མ་ཐུབ་པའི་གྱོད་དོན་ཞིག་རྩད་ཆོད་དེ། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དང་རང་སྲེག་ལ་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་གཉིས་འཛིན་བཟུང་བྱས།

 2012ལོའི་སྤྱི་ཟླ11པའི་ཚེས19ཉིན། མཚོ་སྔོན་ཐུན་རིན་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་གི་ཁང་མིག་ཅིག་ཏུ་རླངས་སྣུམ་བླུག་ཡོད་པའི་འགྱིག་ཟོ་དང་སྲིང་བལ་སོགས་དངོས་རྫས་ཉར་ཡོད་པ་མཐོང་ནས། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་བྱེད་ཐབས་སྤྱད་པ་དང་། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དུས་ཐོག་ཏུ་ཚོད་འཛིན་བྱས་པ་དང་། སྒྲོལ་མ་སྐྱབས་རང་སྲེག་གཏོང་བར་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་འཛིན་བཟུང་བྱས།

རྩད་ཆོད་པ་ལྟར་ན། སྒྲོལ་མ་སྐྱབས་ཕོ་ལོ་ཉེར་ལྔ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་དགོན་པའི་གྲྭ་བ་ཡིན། འཕགས་པ་ཕོ་ལོ་ཉེར་བདུན་ཡིན་ལ། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་ཞང་གི་མི་ཡིན། 2005ལོའི་ཟླ་དྲུག་པར་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་ཏེ་རྒྱ་གར་དུ་སོང་ནས། བོད་རང་བཙན་གྱི་རྐང་འཛིན་པ་སྐྱེད་སྲིང་བྱེད་སའི་གསོག་སྒེར་སློབ་གྲྭ་ནས་གསོ་སྦྱོང་བྱས་མྱོངས། 2011ལོའི་ཟླ་དགུ་བར། འཕགས་པ་ཕྱིར་རྒྱལ་ནང་དུ་ལོག་རྗེས། གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཞང་དྭ་ཕྲུག་ཁང་གི་དགེ་རྒན་དུ་བྱས་ཏེ་དབྱིན་ཡིག་དང་གློག་ཀླད་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པར་ཁ་གཡར་ནས། སློབ་མ་ཚོར་བོད་རང་བཙན་གྱི་བསམ་བློ་བསྒྲགས། དེའི་སྐབས་སུ། འཕགས་པས་མཉམ་འབྲེལ་དྲ་བ་བརྒྱུད་དེ་རྒྱ་གར་བོད་ན་གཞོན་ཚོགས་པའི་རྐང་འཛིན་གངས་བཙན་པོ་སོགས་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ། བཀས་སྐུལ་དང་ལེན་དང་ཆ་འཕྲིན་བརྒྱུད་སྒྲོག་བྱས། སྒྲོལ་མ་སྐྱབས་ཀྱིས་ངེས་ལེན་བྱས་པ་ལྟར་ན། 2012ལོའི་ཟླ་དྲུག་པ་དང་བདུན་པའི་སྐབས་སུ། འཕགས་པས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཁོ་རང་རང་སྲེག་བྱེད་པར་ངན་སྐུལ་བྱས་མྱོང་ཟེར། འཕགས་པས་རང་ཉིད་རྒྱ་གར་ལ་སོང་མྱོང་བ་དང་། རྒྱུན་པར་གནས་དེར་ཡོད་པའི་བོད་ན་གཞོན་ཚོགས་པ་དང་ལྷན་དུ་བོད་རང་བཙན་སྐོར་གྱི་གནད་དོན་གླེང་མོལ་བྱས་པ་ཡིན་ལ། སི་ཁྲོན་གྱི་རང་སྲེག་པས་བོད་རང་དབང་རང་བཙན་ཐོབ་པའི་ཆེད་དུ་རང་ཉིད་ཀྱི་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་བ་ཡིན་པས། རང་རེའི་བོད་མི་རིགས་ཀྱི་དཔའ་བོ་ཡིན་ལ། རང་སྲེག་བཏང་བ་དེས་བོད་རང་བཙན་ཐོབ་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་ངན་སྐུལ་བྱས། འཕགས་པས་སྒྲོལ་མ་སྐྱབས་ལ། གལ་ཏེ་ཁྱོད་རང་རང་སྲེག་བཏང་ན། བོད་མི་རིགས་ལ་དོན་བཟང་ཞིག་སྒྲུབ་པ་ཡིན་ལ། རང་སྲེག་གཏོང་མཁན་ཇེ་མང་དུ་སོང་ཚེ། རྒྱལ་སྤྱིའི་སྟེང་དུ་དོན་དེར་དོ་སྣང་བྱེད་སྲིད་ཟེར། འཕགས་པས་ངན་སྐུལ་འོག་ཏུ། སྒྲོལ་མ་སྐྱབས་ལ་རང་སྲོག་གཏོང་བའི་བསམ་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། 2012ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་སྒྲོལ་མ་སྐྱབས་ཀྱིས་རླངས་སྣུམ་དང་སྲིང་བལ་སོགས་ཁྱེར་ཏེ། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་ནས་རང་སྲེག་བྱེད་གྲབས་ཡོད་པའི་སྐབས་དེར་དུས་ཐོག་ཏུ་བཀག་འགོག་བྱས།

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་ཏེ་རྩད་ཆོད་པ་ལྟར་ན། འཕགས་པ་ཐུན་རིན་རྫོང་མདོ་བ་ཞང་གི་གངས་སྲོལ་རྒྱུན་རིག་གནས་ཞབས་ཕྱི་ཚོགས་པ་ཞེས་པའི་ཁྲིམས་འགལ་རྩ་འཛུགས་སུ་ཞུགས་པ་དང་། ཉེ་ལམ། ཐུན་རིན་རྫོང་མདོ་བ་ཞང་ནས་རང་སྲེག་གྱོད་དོན་ཐེངས་མང་བྱུང་རྗེས། འཕགས་པ་དང་ཁྲིམས་འགལ་རྩ་འཛུགས་དེའི་མི་སྣ་སྔ་གཞུག་ཏུ་ཐེངས་དྲུག་ལ་རང་སྲེག་མཁན་གྱི་འདས་འཇུག་ལ་ཞུགས་པར་མ་ཟད། ཡུལ་དངོས་ནས་རང་སྲེག་ནི་རང་རེའི་བོད་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པས། ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན་ཞེས་པའི་ངན་སྐུལ་རང་བཞིན་གྱི་འཆལ་གཏམ་བསྒྲགས་པ་དང་། རང་སྲེག་མཁན་གྱི་གཉེན་མིར་སྒོར་མོའི་ཞལ་འདབས་ཕུལ། 2012ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། འཕགས་པས་ཁོ་རང་དགེ་རྒན་ཡིན་པའི་ཐོབ་ཐང་བེད་སྤྱད་དེ། ཐུན་རིན་རྫོང་མདོ་བ་ཞང་གི་སློབ་ཆུང་སློབ་མ་དང་ཡུལ་དེའི་འབྲོག་དམངས་ལྔ་བཅུ་ལྷག་རྩ་འཛུགས་ཀྱིས་མདོ་བ་ཞང་སྲིད་གཞུང་མདུན་དུ་འཛོམས་ཏེ། བོད་རང་བཙན་གྱི་འབོད་སྒྲ་བསྒྲགས།

ད་ལྟ། འཕགས་པ་དང་སྒྲོལ་མ་སྐྱབས་གཉིས་སོ་སོར་བསམ་བཞིན་དུ་མི་བསད་པའི་ནག་ཉེས་དང་། སྤྱི་པའི་བདེ་འཇགས་ལ་གནོད་སྐྱེལ་བའི་ཁྲིམས་དང་འགལ་ཏེ་ཁྲིམས་ལྟར་འཛིན་བཟུང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག