མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆང་ཝེ་མཚོ་ལྷོ་ཁུལ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཁྱད་ཆོས་འབུར་དུ་ཐོན་པ་དང་གཙོ་གནད་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

གྲོས་ཞིབ་བྱེད་སྐབས། ཆང་ཝེ་ཡིས་འཐུས་མི་རྣམས་དང་མཉམ་དུ་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ཇུས་གཞི་སྐོར་གླེང་། ཆང་ཝེ་ཡིས་བསྟན་དོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱད་ཆོས་འབུར་དུ་ཐོན་པ་དང་གཙོ་གནད་དམ་འཛིན་བྱེད་པ། དཀའ་གནད་ཐག་གཅོད་བྱེད་པ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་སྟེ། གཅིག་ནས་འབད་བརྩོན་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་པར་བྱེད་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་ས་ཁུལ་ཡིན་པས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྔོན་བསྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་པ། དངོས་གཉེར་བརྩོན་ལེན་བྱེད་པ་བཅས་བྱས་ནས་རང་བྱུང་གི་ཕྱུགས་ཟོག་འཚོ་སྟངས་དང་ར་ནང་ནས་འཚོ་གསོ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་དགོས། གཉིས་ནས་ཁྱད་ལྡན་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཕན་འབྲས་མངོན་པར་བྱེད་དགོས། ལྷག་པར་དུ་རིག་གནས་དང་ལུས་རྩལ། གནས་སྐོར་ལས་རིགས་བཅས་ལ་མཐོང་ཆེན་བྱས་ཏེ། གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་དེ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས་མཐོ་སྒང་གནས་སྐོར་ཕྱོགས་བསྡུས་གསར་སྤེལ་ས་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བར་ཡར་སྐུལ་བྱེད་དགོས། གསུམ་ནས་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཕན་འབྲས་མངོན་པར་བྱེད་དགོས། བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲོད་ཕན་འབྲས་མངོན་པར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཧུར་ཐག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བཟང་བོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲོད་དུ་སྔར་ལས་གྲུབ་འབྲས་བཟང་བོ་ལེན་དགོས། ལྔ་ནས་འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་བྱེད་པའི་ཁྲོད་དུ་ཕན་འབྲས་ལེན་དགོས། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱ་བར་ཤུགས་སྣོན་བྱེད་པ་དང་ཁྲིམས་ལུགས་འཛུགས་སྐྲུན་བྱ་བ་སྟོབས་ལྡན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་སྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་བྱ་བ་བཟང་བོར་སྤེལ་ནས་ཤུགས་ཆེན་པོས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོང་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག