མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:37

1.jpg

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

2.jpg

ཆང་ཝེ་ཡིས་ཚོགས་འདུར་མགོ་འཛིན་བྱས།

222.jpg

ཧྲིན་ཀྲང་ལོ་ཧོས་ཉིན་གྱིས་ཚོགས་འདུའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

9.jpg

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དེ་རིང་(ཚེས་ཉེར་གསུམ)སྔ་དྲོར་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

    མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཁང་ཆེན་མོའི་ནང་དུ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་འཐུས་མི་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་དང་དུ་བླངས་ཏེ་ཚོགས་རར་ཐོན་ནས། རྒྱལ་དོན་དང་དམངས་འཚོར་གྲོས་སྡུར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་མཆོག་གྱུར་འགན་ནུས་ལག་བསྟར་བྱས།

    གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཁང་ཆེན་མོའི་ཀྲུའུ་ཞི་སྟེགས་བུའི་དཀྱིལ་དུ་རྒྱལ་རྟགས་བཀལ་ཡོད་པ་དང་། དེའི་ལོགས་གཉིས་སུ་བཀྲགས་མདངས་འཚེར་བའི་དར་དམར་བཅུས་བརྒྱན་ཡོད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཆང་ཝེ་དང་། ཝང་ཅན་ཅོན། ཅི་ཏིས་མ་ཅ། ཆི་ཡུས། ཝང་ལིན་ཅོན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ། མུའུ་ཏུང་ཧྲིན། ཧྲིན་ཧི། དབང་མོ། ཚའོ་ཝུན་ཧུའུ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་སྐྱབས་དང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པད་མ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མཱ་ཧྥུའུ་ཧེ་བཅས་ཀྱང་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་དགུ་དངོས་སུ་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་སྟེང་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཆང་ཝེ་ཡིས་ཚོགས་འདུར་མགོ་འཛིན་མཛད།

    སྔ་དྲོའི་དུས་ཚོད་དགུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུ་གྲགས་རྗེས་ཆང་ཝེ་ཡིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

    སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ལོ་ཧོས་ཉིན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

    ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་གཉིས་ལོར་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག ང་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་བྱས་པ་དང་ཁོ་ཚོར་བརྟེན་ནས། འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་ཐབས་ལམ་གཙོ་བོར་དམ་དུ་དམིགས་ཏེ། སྟོབས་ཤུགས་ཡོད་དགུས་འཕར་སྣོན་བརྟན་འཇགས་ཡོང་བར་བྱས་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ལ། བཅོས་སྒྱུར་དམ་འཛིན་བྱས་པ་དང་དམངས་འཚོར་ ཁེ་ཕན་བསྐྲུན་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བྱུང་བ་དང་བཟང་ཞིང་མགྱོགས་པའི་འཕེལ་རྒྱས་འབྱུང་བའི་སྣང་ཚུལ་བཟང་བོ་བྱུང་། ལོ་ཧྲིལ་པོར་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་བརྒྱད་དུང་ཕྱུར་བཞི་བྱེ་བ་ལྔ་མངོན་འགྱུར་བྱས་པ་དང་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གསུམ་འཕར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཅིག་དུང་ཕྱུར་དགུ་བྱེ་བ་བདུན་བླངས་པ་དང་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་གཉིས་འཕར། སྤྱིའི་འབྱོར་ཤུགས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཉིས་ཐེར་འབུམ་དྲུག་ལ་སླེབས་པ་དང་འགྲོ་སྒོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་བརྒྱད་བཏང་བ་དེ་སོ་སོར་བརྒྱ་ཆའི་བཅུ་དྲུག་དང་བརྒྱད་ཆའི་ཉེར་གཉིས་དང་གྲངས་ཆུང་བརྒྱད་འཕར། བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དགུ་ཐེར་འབུམ་གཉིས་བཏང་བ་དང་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་དགུ་འཕར། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱིའི་རིན་གོང་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བདུན་ཡིན་པ་དང་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་གཅིག་འཕར། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གསུམ་བྱེ་བ་ བརྒྱད་ཡིན་པ་དང་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཅིག་འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་རེ་དྲུག་དང་ཟུར་གསུམ་ཡིན་པ་དང་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དྲུག་འཕར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་ལྔ་དང་སུམ་བརྒྱ་རེ་བཞི་དང་ཟུར་བཞི་ཡིན་པ་དང་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བཞི་འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་འཕར་བ་དང་། འཕར་ཚད་བརྒྱ་ཆའི་གསུམ་མར་ཆག ཉིས་སྟོང་བཅུ་གཉིས་ལོར། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་ཐོན་སྐྱེད་སྤྱིའི་ཐོན་རིན་འཕར་ཚད་ལས་མཐོ་ཞིང་། དངོས་གོང་གི་རྒྱུ་རྐྱེན་འཐེན་ཚེ། དོན་དངོས་ཀྱི་ཡོང་སྒོ་འཕར་ཚད་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་དུ་བསླེབས། ང་ཚོས་ད་དུང་གསར་བ་གཉིས་དང་ཁུལ་གསུམ་འཛུགས་སྐྲུན་ཐད་ནས་མགོ་བཟང་བོ་ཞིག་བརྩམས་ཟེར།

    ལོ་ཧོས་ཉིན་གྱིས་བཤད་རྒྱུར། འཐུས་མི་རྣམ་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམ་བཅས་པའི་དོན་དག་བརྒྱད་པོ་ད་ལྟ་ཚང་མ་བསྒྲུབས་ཚར་བ་ཡིན་ཞེས་བསྒྲགས་ཆོག་ཟེར།

    ལོ་ཧོས་ཉིན་གྱིས་ཕྱོགས་དྲུག་གི་ཐད་ནས་འདས་པའི་ལོ་ལྔའི་བྱ་བར་སྤྱི་བསྡོམས་བྱས། གཅིག ཕྱོགས་བསྡུས་དཔལ་འབྱོར་གྱི་དངོས་ཤུགས་ཧ་ཅང་ཇེ་ཆེར་སོང་། གཉིས། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། གསུམ། བཅོས་སྒྱུར་སྒོ་འབྱེད་ཐད་ནས་གོམ་སྟབས་ཆེན་པོ་སྤོས། བཞི། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། ལྔ། ཡུས་ཧྲུའུ་བསྐྱར་འཛུགས་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། དྲུག དམངས་གཙོའི་ཁྲིམས་ལུགས་དང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་བསྣན་ཟེར།

    ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གོ་སྐབས་གལ་ཆེན་གྱི་ནང་དོན་དང་ཆ་རྐྱེན་གྱི་འགྱུར་ལྡོག་ལ་ཡང་དག་པའི་བརྡར་ཤ་བཅད་དེ། དཔལ་འབྱོར་རྒྱུན་བསྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། རིག་གནས་མཉེན་སྟོབས་མངོན་གསལ་གྱིས་ཇེ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། ཁོར་ཡུག་མཛའ་མཐུན་ཅན་དང་ཐོན་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཉིས་སྟོང་ཉི་ཤུ་ལོར་ ཉིས་སྟོང་བཅུ་ལོ་དང་བསྡུར་ན་ཐོན་སྐྱེད་སྤྱིའི་ཐོན་རིན་དང་མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་གཉིས་ལྡབ་གཉིས་འཕར་བར་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་གཏན་ལ་ཕབ་ཡོད། འདིས་ང་ཚོས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རེ་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་ལ་དམ་དུ་དམིགས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། འཚོ་བའི་རྒྱུ་སྤུས། དམངས་གཙོའི་ཁྲིམས་ལུགས། རིག་གནས་སློབ་གསོ། སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་ལས་དོན་གཅིག་གྱུར་མཐུན་སྦྱོར་སྒོས་སྤེལ་བའི་བརྒྱུད་རིམ་ཁྲོད་དུ། གཤམ་གྱི་ཕྱོགས་བཞི་འབུར་དུ་ཐོན་པར་བྱས་ཏེ་དམ་འཛིན་བྱེད་དགོས་ཏེ། གཅིག དཔལ་འབྱོར་རྒྱུན་བསྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས། གཉིས། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ཅུང་མགྱོགས་པོར་འཕར་བར་འབད་བརྩོན་བྱེད་དགོས། གསུམ། ས་ཁོངས་དང་མཁར་གྲོང་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས། བཞི། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

    ལོ་ཧོས་ཉིན་གྱིས་བཤད་རྒྱུར། འཐུས་མི་རྣམ་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་ནི། རིགས་སོ་སོའི་མི་དམངས་ཀྱི་ལས་དོན་ཡིན་ལ། སྲིད་གཞུང་གི་འགན་འཁྲི་ཡང་ཡིན། ང་ཚོས་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོ་གཏིང་ཟབ་ཏུ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་དབུལ་ཕོངས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་བཀོལ་སྤྱོད་བཟང་བོ་བྱས་ཤིང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱིས་འབད་འཐབ་བྱེད་པ་གཉིས་ཕན་ནུས་ལྡན་པར་གཅིག་གྱུར་བྱེད་པ་དང་། གཡོ་འགུལ་དང་ལྷོད་གཡེང་ཅི་ཡང་མེད་པར་མུ་མཐུད་འབད་བརྩོན་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོར་མཚོ་སྔོན་གྱིས་སྤྱིའི་ཆ་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རླབས་ཆེན་དམིགས་འབེན་མངོན་ འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

    ཉིས་སྟོང་བཅུ་གསུམ་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོའི་སྐོར་གླེང་སྐབས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ལོ་འདིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་འཕེལ་རྒྱས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་ཐབས་ལམ་གཙོ་བོ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཕར་སྣོན་གྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་དཀྱིལ་སྙིང་དུ་འཛིན་པ། བརྟན་འཇགས་ཁྲོད་ནས་བཟང་ཞིང་མགྱོགས་པོར་འཕེལ་རྒྱས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་དང་གསར་སྐྲུན་ལས་དོན་ཧུར་ཐག་གིས་སྤེལ་བ། དཔལ་འབྱོར་གྱི་གྲུབ་ཚུལ་དང་ཐོན་ལས་ཀྱི་རིམ་པ་ཧུར་ཐག་གིས་ལེགས་བསྒྱུར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་། བཙོག་རྫས་ཉུང་འདོན་བྱ་བ་ཧུར་ཐག་གིས་སྤེལ་བ། དམངས་འཚོ་ལེགས་བཅོས་དང་དངོས་གོང་ཚོད་འཛིན་ལ་འབད་བརྩོན་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་བསྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ འཇགས་ཡོང་བར་ཁག་ཐེག་བྱེད་རྒྱུ་དེ་ཡིན། ཉིས་སྟོང་བཅུ་གསུམ་ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་བཅུ་གཉིས་འཕར་བར་བྱེད་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་བརྒྱ་ཆའི་བཅོ་ལྔ་འཕར་བར་བྱེད་རྒྱུ། བརྟན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་བརྒྱ་ཆའི་ཉི་ཤུ་འཕར་བར་བྱེད་རྒྱུ། སྤྱི་ཚོགས་འཛད་སྤྱོད་ཚོང་རྫས་ཀྱི་སིལ་འཚོང་གི་ཚད་བརྒྱ་ཆའི་བཅོ་ལྔ་འཕར་བར་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཚད་བརྒྱ་ཆའི་བཅུ་འཕར་བར་བྱེད་རྒྱུ། གནས་སྐོར་སྤྱིའི་ཡོང་སྒོ་བརྒྱ་ཆའི་ཉི་ཤུ་འཕར་བར་བྱེད་རྒྱུ། མཁར་གྲོང་གི་ཐོ་འགོད་ བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་ཀྱི་མན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་སོ་སོར་བརྒྱ་ཆའི་བཅུ་གཉིས་དང་བཅུ་བཞི་འཕར་བར་བྱེད་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་བཞི་ཡས་མས་སུ་ཚོད་འཛིན་བྱེད་རྒྱུ། མི་གྲངས་རང་ཤུགས་ཀྱིས་འཕར་ཚད་སྟོང་ཆའི་དགུའི་མན་དུ་ཚོད་འཛིན་བྱེད་རྒྱུ། ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན་གྱི་ཚད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞིའི་མན་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན་ཟེར།

    ལོ་ཧོས་ཉིན་གྱིས་ཉིས་སྟོང་བཅུ་གསུམ་ལོར་གཤམ་གྱི་ཕྱོགས་ལྔའི་བྱ་བ་གནད་སར་བཟུང་ནས་བཟང་བོར་བསྒྲུབ་དགོས་ཏེ། གཅིག སྲིད་ཇུས་ཀྱི་སྙོམས་སྒྲིག་ཆུ་ཚད་ཇེ་མཐོར་བཏང་ནས། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་མྱུར་ངང་འཕར་བར་ཁག་ཐེག་བྱེད་དགོས། གཉིས། གྲུབ་ཚུལ་ལེགས་སྒྲིག་གི་ཤུགས་ཚད་ཇེ་ཆེར་བཏང་ནས། དཔལ་འབྱོར་འཕར་སྣོན་གྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། གསུམ། མཁར་གྲོང་ཅན་ཧུར་ཐག་དང་བརྟན་བརླིང་སྒོས་སྤེལ་ནས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས། བཞི། གཞི་རྩའི་སྤྱི་པའི་ཞབས་ཞུ་མྱུར་དུ་དོ་མཉམ་ཅན་དུ་བཏང་ནས། དམངས་འཚོ་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ལྔ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱས་ཏེ། ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

    ལོ་ཧོས་ཉིན་གྱིས་མཇུག་མཐར་བཤད་རྒྱུར། འཐུས་མི་རྣམ་པ། དུས་རབས་ཀྱིས་ང་ཚོ་སྙིང་སྟོབས་ཆེན་པོས་མདུན་དུ་བསྐྱོད་པར་འབོད་སྐུལ་གཏོང་བཞིན་པ་དང་། འགན་འཁྲི་ཡིས་ང་ཚོར་སྤོབས་པ་ཆེན་པོས་དང་ལེན་བྱེད་པའི་རེ་བ་འདོན་བཞིན་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསལ་གྱིས་རང་ཞིང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་ཟེར།

    ཚོགས་ཆེན་སྟེང་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གསུམ་ལོའི་འཆར་གཞི་འཆར་ཟིན་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་གཉིས་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གསུམ་ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས།

    ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་ཡོངས་དང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཐིན་སོ་སོའི་འགན་ཁུར་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེའི་ཐད་གཏོགས་ལས་ཁུངས། རྒྱུན་བཙུགས་ལས་དོན་ལས་ཁུངས་དང་ལས་ཁུངས་གཞན་པ་བཅས་ཀྱི་འགན་ཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ། ད་དུང་མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་དང་ཚན་རིག་ཞིབ་འཇུག་ལས་ཁུངས། མི་དམངས་ཚོགས། དངུལ་ལོར། ཉེན་ཚབ། དངུལ་འཛིན་ལས་ཁུངས། རྒྱལ་དབང་ཁེ་ལས་ཁ་ཤས་བཅས་ཀྱི་འགན་ཁུར་པ་གཙོ་བོ། རྫོང་དང་ས་ཁུལ་ཁ་ཤས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འགན་ཁུར་པ་བཅས་ཚོགས་འདུར་ཟུར་ཞུགས་བྱས།  །

6.jpg

སྲིད་གྲོས་ཨུ་ཡོན་གྱིས་སྙན་ཞུ་ལ་ཉན་བཞིན་པ།

8.jpg

འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ།

4.jpg

འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ།

3.jpg

ཚོགས་ར།

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག