ཝང་ཞའོ་ཡུང་གིས་ན་གོར་མོ་གྲོང་ཁྱེར་གྱི་བརྟན་འཇགས་བདེ་སྲུང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་ཡུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས། ཁྱོན་ཡོངས་ནས་བརྟན་འཇགས་འགན་འཁྲི་དངོས་འབེབས་དང་། འགལ་བ་འདུམ་འགྲིག་དང་འགལ་བ་སེལ་བ། ཁྱབ་ཁོངས་གཙོ་བོའི་བདེ་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བརྟན་འཇགས་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཝང་ཞའོ་ཡུང་གིས་བསྟན་དོན། བརྟན་འཇགས་ནི་ཞིང་ཆེན་ཡོངས་ལ་ཁྱབ་པའི་ལས་དོན་ཞིག་ཡིན། ད་ལོ་ནས་བཟུང་། མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་ཏང་ཨུ། སྲིད་གཞུང་བཅས་ཀྱིས་བརྟན་འཇགས་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་དང་ཁྱད་པར་དུ་མགོ་ཁྲིད་གཙོ་ཁག་གིས་འགལ་འདུ་མང་སར་འགལ་རྐྱེན་སེལ་ཐབས་དང་འགལ་རྐྱེན་འཚོལ་ཐབས་ལ་རྒྱུས་ལོན་བྱས་པ་ལེགས་ཤིང་། དེ་བསྟུན་གྱི་བྱེད་ཐབས་བཏོན་པ་བཟང་ལ། འགན་འཁྲི་ཡོངས་འགྲུབ་བྱས་པ་ཧ་ཅང་ལེགས་པས། འགལ་རྐྱེན་ཆེ་རུ་མ་སོང་གོང་ནས་ཁྲིམས་ལྟར་རྦད་ཆོད་ཀྱིས་ཐག་གཅོད་བྱས་ནས། ཁུལ་ཡོངས་དང་གྲོང་ཁྱེར་ཧྲིལ་བོའི་སྤྱི་ཚོགས་བརྟན་འཇགས་ལ་ཁག་ཐེག་བྱས་མཐར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་འཇགས་འཆམ་མཐུན་དུ་བསྐྱོད་པར་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཕན་འབྲས་ལྡན་པའི་སྒོ་ནས་འགལ་རྐྱེན་སེལ་བ་དང་འགལ་བ་རྩད་གཅོད་བྱེད་རྒྱུ་ནི་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཡིན། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་། ཞིང་ཆེན་ཡོངས་ཀྱི་འགལ་རྐྱེན་མང་སའི་འགལ་བ་རྩད་གཅོད་བྱེད་རྒྱུ་ནི་གནད་འགག་གི་དུས་རིམ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་བར་མ་ཆད་པ་དང་བློ་བརྟན་འགྱུར་མེད་ངང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་ཕིགས་ཤུགས་འདོན་བྱས་ཏེ། བརྟན་འཇགས་བྱ་བ་དངོས་འབེབས་ཡོང་བར་འབད་འབུངས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།