ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དང་མ་ལེ་ཞི་ཡས་ཁྱབ་ཁོངས་མང་པོའི་ཕྱོགས་ནས་མཉམ་འབྲེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་ཀྲུང་གོའི་ཀན་ལྷོ་དང་མ་ལེ་ཞི་ཡའི་ཁྱད་ལྡན་ཐོན་རྫས་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭའི་དྲ་ཐོག་འོས་སྦྱོར་ཚོགས་འདུའི་སྟེང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་མ་ལེ་ཞི་ཡའི་ཁེ་ལས་ཀྱི་འཐུས་མི60ལྷག་དང་མཉམ་དུ་འཛོམས་ནས་མཉམ་ལས་ཐད་ཐུན་མོང་གི་གྲོས་བསྡུར་དང་། འཕེལ་རྒྱས་ཀྱི་ཇུས་གཞི་བཀོད་པ་མ་ཟད་ཕྱོགས་གཉིས་ཀྱིས་ད་དུང་དྲ་ཐོག་ནས་གན་རྒྱ་བཞག་པ་རེད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་ཀན་ལྷོ་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀན་ལྷོ་ཁུལ་ཚོང་དོན་ཅུའུ་དང་ཀན་སུའུ་ཡི་མ་ལེ་ཞི་ཡར་བཅའ་སྡོད་བྱེད་བཞིན་པའི་ཚོང་དོན་འཐུས་ཚབ་ཁྲུའུ་ཡིས་སྒྲུབ་འགན་འཁུར་བ་རེད།

ཞི་ཨན་དུ་བཅའ་སྡོད་བྱས་པའི་མ་ལེ་ཞི་ཡའི་སྤྱི་ཁྱབ་གཞུང་ཚབ་ལིན་ཡུན་ལེང་གིས་ཤིས་ཚིག་འབུལ་སྐབས། “2009ལོ་ནས་བཟུང་ཀྲུང་གོ་ལོ13ལ་བསྟུད་མར་ང་ཚོའི་ཚོང་དོན་མཉམ་ལས་ཀྱི་རོགས་ཟླ་ཆེ་ཤོས་སུ་གྱུར་ཞིང་། རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་དང་གསོ་རིག་ཁ་གསབ་ཁྱབ་ཁོངས་སུ་ཡུན་རིང་མཉམ་ལས་བྱས་པ་དང་། ལྷག་པར་དུ་སྲོལ་རྒྱུན་གསོ་རིག་ཁྱབ་ཁོངས་སུ་མཉམ་ལས་སྣ་ཚོགས་བྱས་པའི་ནང་ཆ་འཕྲིན་མཉམ་སྤྱོད་ཚོགས་འདུ་སྟེ། དཔེར་ན་སློབ་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་སོགས་ཚུད་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞིའམ་ཡང་ན་སྨན་ཁང་དུ་མ་ལེ་ཞི་ཡའི་འཕྲོད་བསྟེན་པུའུ་ཡི་མི་སྣ་གསོ་སྦྱོང་བྱེད་པ་སོགས་ཀྱང་ཚུད་ཡོད”ཟེར།

ལིན་ཡུན་ལེང་གིས། མ་ལེ་ཞི་ཡའི་སྲོལ་རྒྱུན་གསོ་རིག་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་ནི་སྣ་མང་སྲོལ་རྒྱུན་རིག་གནས་དང་། སྐད་ཆ་དང་མི་རིགས་བཅས་ལས་བྱུང་བས་དེར་དམིགས་བསལ་གྱི་ལོ་རྒྱུས་ལྡན་པ་རེད། སྲོལ་རྒྱུན་གསོ་རིག་གིས་མ་ལེ་ཞི་ཡའི་སྨན་བཅོས་བདེ་སྲུང་དང་བདེ་སྐྱིད་ཁྲོད་ནུས་བ་གལ་ཆེན་འདོན་བཞིན་ཡོད། མ་ལེ་ཞི་ཡ་རུ་སྲོལ་རྒྱུན་གྱི་གསོ་རིག་དང་གསོ་རིག་ཁ་གསབ་ཀྱི་ཞིབ་འཇུག་སྔར་བཞིན་མགོ་རྩོམ་པའི་དུས་རིམ་དུ་གནས་ཡོད་ལ། ཡིན་ཡང་ཀན་སུའུ་ལ་སྲོལ་རྒྱུན་གསོ་རིག་ཕྱོགས་ནས་ཡོད་པའི་ཕུན་སུམ་ཚོགས་པའི་ཤེས་བྱ་དང་དམིགས་བསལ་གྱི་ཡོན་ཏན་གྱིས་མང་ཚོགས་ལ་ཕན་བདེ་བསྐྲུན་ངེས་ཡིནཟེར།

2022ལོའི་ཟླ7པར། ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བརྒྱད་པའི་སྐབས་སུ། ཀྲུང་གོ་དང་མ་ལེ་ཞི་ཡའི་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དང་། ཀྲུང་ལུགས་སྨན་རྩྭ། ཀྲུང་ལུགས་སྨན་རྩྭའི་ཚོང་དོན། ཞིང་ལས་ལག་རྩལ་དང་ཆུ་འདྲེན་བཅས་ཀྱི་གཙོ་གནད་མཉམ་ལས་རྣམ་གྲངས་བཞི་ས་གནས་སུ་གན་རྒྱ་བཞག་པ་དང་། གན་འཇོག་མ་དངུལ་ཨ་སྒོར་དུང་ཕྱུར1.72ཟིན་ཡོད། ཟླ7པའི་ཚེས16ཉིན་ཀན་སུའུ་ཆིང་དབྱང་ཀྲུང་ལུགས་གསོ་རིག་སྨན་ཁང་དང་མ་ལེ་ཞི་ཡའི་དབྱི་ལིན་ཀྲུང་ལུགས་གསོ་རིག་སྨན་ཁང་བར་ཀྲུང་ལུགས་གསོ་རིག་སྨན་རྫས་སྤེལ་རེས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

ཀན་ལྷོ་ཁུལ་གྱི་ཁུལ་དཔོན་དབྱང་ཝུའུ་ཡིས་ངོ་སྤྲོད་ལྟར་ན། ཀན་ལྷོ་ནི་ལོ་རྒྱུས་ཐོག་གནའ་བོའི་དར་གོས་ལམ་བུ་དང་ཀྲུང་གོའི་ནུབ་བྱང་ཇ་རྟ་ཁྲོམ་རའི་གྲུབ་ཆ་གལ་ཆེན་ཞིག་དང་ཐང་བོད་གནའ་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འབར་བའི་ཚོང་འགྲུལ་གྱི་རིག་གནས་དང་ཚོང་དོན་གྱི་ལོ་རྒྱུས་ལྡན། ས་གནས་སུ་ཕུན་སུམ་ཚོགས་པའི་ཡུལ་སྐོར་དང་འབྲོག་ལས། གཏེར་རྫས། བོད་དང་ཀྲུང་ལུགས་སྨན་རྩྭ། ནུས་ཁུངས་གཙང་མ་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ཡོད། ལྷག་པར་དུ་བོད་དང་ཀྲུང་ལུགས་སྨན་རྩྭའི་ཐོན་རྫས་སྤུས་ཀ་ལེགས་ཤིང་རིགས་ཕུན་སུམ་ཚོགས་པས། དེ་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་མཐོ་གྲང་བཞའ་ཚན་ཆེ་བའི་བོད་སྨན་ཐོན་ཁུལ་གཙོ་བོ་ཡིན། གནས་དེ་རུ་ལྕུམ་རྩྭ་ལ་སོགས་སྨན་སྤྱོད་སྐྱེ་དངོས་རིགས620ལྷག་ཡོད་པས་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་ཡིན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་བ་ཧ་ཅང་ཆེན་པོ་ལྡན་ཞེས་བཤད།

དབྱང་ཝུའུ་ཡིས། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་ཀན་ལྷོའི་ཁྱད་ལྡན་ཐོན་རྫས་དང་བོད་དང་ཀྲུང་ལུགས་སྨན་རྩྭ་འཛམ་གླིང་དུ་བསྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། ཀན་ལྷོ་དང་རྒྱལ་སྤྱི་འབྲེལ་མཐུད་ཀྱི་འཚོལ་ཞིབ་གལ་ཆེན་ཞིག་ཀྱང་ཡིན། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་སྦྲེལ་མཐུད་བྱ་ཡུལ་བཙལ་ཏེ་སྤེལ་རེས་འགྲོ་འོང་དང་ཚོང་དོན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མ་ལེ་ཞི་ཡའི་ཐོན་ལས་ཕན་ཚུན་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས། དེང་རབས་ཞིང་ལས་སོགས་ཐད་འཕར་གཞི་གསར་བ་སྐྱེད་སྲིང་བྱེད་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་སྤེལ་རེས་ཀྱི་ལེའུ་གསར་བ་རྩོམ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཡུང་ཧུང་གིས། ཀན་སུའུ་ལ་ཀྲུང་གོས་ནུབ་ཕྱོགས་སུ་སྒོ་འབྱེད་པའི་ས་བབ་ཀྱི་ལེགས་ཆ་ལྡན་པས་མ་ལེ་ཞི་ཡ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཡུན་རིང་ཕྱིན་ཡོད། ཉོ་ཚོང་ཐད། 2021ལོར་ཕྱོགས་གཉིས་ཀྱི་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར10.6ཟིན་ཡོད་པ་དང་དུས་མཉམ་ལས་ལྡབ2.1འཕར་བ། མ་འཇོག་ཐད། ཐེན་ཧྲུའེ་ཧྭ་ཐེན་ཚན་རྩལ་སོགས་ལག་རྩལ་མཐོ་གསར་ཁེ་ལས་ཀྱིས་མ་ལེ་ཞི་ཡ་རུ་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར3.9ཟིན་པ། སྐམ་མཚོའི་བགྲོད་ལམ་གསར་བའི་ཐད། ལན་ཀྲོའུ་ནས་ཅི་ལུན་ཕའོ་བར་གནས་གཏན་འཁེལ་གྱི་ཐད་འཕུར་མཁའ་ལམ་དང་། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་སོགས་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་པ། མཉམ་ལས་སྤེལ་རེས་ཐད། ཕྱོགས་གཉིས་ཀྱིས་ཉེ་བའི་ལོ་གཉིས་ནང་ཐུན་མོང་ཐོག་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་གྱི་འབྲེལ་མཐུད་ཚོགས་འདུ་དང་། ཐོན་ལས་འོས་སྦྱོར་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ། ཀྲུང་གོ་དང་མ་ལེ་ཞི་ཡའི་གཟུགས་བརྙན་རིག་གནས་སྒར་ས། དྲ་ཐོག་པར་རིས་འགྲེམས་སྟོན་སོགས་ཀྱི་སྤེལ་རེས་སྦྲེལ་མཐུད་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། མ་ལེ་ཞི་ཡ་ཕྱོགས་ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བརྒྱད་པ་འཚོག་རིང་གདན་ཞུས་ལྟར་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་རིག་གནས་སྤེལ་རེས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད།

འོས་སྦྱོར་ཚོགས་འདུ་དེ་བརྙན་ལམ་སྦྲེལ་མཐུད་བྱེད་སྟངས་སྤྱད་དེ་ཀན་ལྷོ་ཁུལ་དུ་ཚོགས་ར་གཙོ་བོ་དང་། མ་ལེ་ཞི་ཡའི་མ་ལེའུ་ཅ་གྲོང་ཁྱེར་དང་། ཞི་ཨན་དུ་བཅའ་སྡོད་བྱས་པའི་མ་ལེ་ཞི་ཡའི་ཁེ་སྐྱོང་ལས་ཁུངས། མ་ལེ་ཞི་ཡའི་ཕྱི་ཕྱོགས་ཚོང་དོན་ཡར་སྐུལ་ལྟེ་གནས་ཁྲེང་ཏུའུ་འཐུས་མི་ཁྲུའུ། ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཕྱི་དོན་གཞུང་དོན་ཁང་བཅས་སུ་ཡན་ལག་ཚོགས་ར་བཙུགས་པ་རེད།

འོས་སྦྱོར་ཚོགས་འདུའི་ཐོག་ཀན་སུའུ་ཧྭ་ལིང་འོ་མའི་ཐོན་རྫས་མ་རྐང་ཚད་ཡོད་ཀུང་སི་སོགས་ཀན་ལྷོ་ཁུལ་གྱི་ཁེ་ལས་ལྔ་ཡིས་ས་གནས་སུ་བོད་དང་ཀྲུང་ལུགས་གསོ་རིག་གི་རྩྭ་སྨན་དང་། འོ་མའི་ཐོན་རྫས། སྐམ་ཤའི་ཐོན་རྫས་སོགས་ཀན་ལྷོའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་དང་། མ་ལེ་ཞི་ཡའི་ཀྲུང་གོ་ཚོང་ལས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅང་ཧྲེ་པོས་ད་དུང་ཀན་སུའུ་ཀྲུང་ལུགས་སྨན་རྩྭ་དང་ཁྱད་ལྡན་ཐོན་རྫས་ཀྱིས་མ་ལེ་ཞི་ཡའི་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་སྐོར་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། ཀན་ལྷོའི་པའེ་ཚའོ་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་མ་ལེ་ཞི་ཡའི་ཁེ་ལས་དང་དྲ་ཐོག་ནས་གན་རྒྱ་བཞག་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།