ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བཙུགས་ནས་རྨ་ཆུའི་བདེ་འཇགས་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྨ་ཆུའི་བརླན་ས།

2.jpg

རི་སྐྱེས་སྲོག་ཆགས་གསའ།

3.jpg

ཀླུ་ཆུ་མཚོ་ཉིན་བརླན་སའི་ཁྲུང་ཁྲུང་སྐེ་ནག

4.jpg

མཛེས་སྡུག་ལྡན་པའི་ཀན་ལྷོའི་རྩྭ་ཐང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ཀན་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་འདུ་ཤེས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་བ། མཉམ་དུ་སྲུང་སྐྱོང་ཆེན་མོར་དམ་འཛིན་བྱེད་པ། ཐུན་མོང་ཐོག་བཅོས་སྐྱོང་ཆེན་མོར་སྐུལ་འདེད་གཏོང་བ་བཅས་བྱས་པས་མཛེས་སྡུག་ཀན་ལྷོ་དེ་ཆེས་མཛེས་ཀན་སུའུ་ཡི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་འགའི་རིང་ཁུལ་ཡོངས་ཀྱིས་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ས་ཆ་གཤིན་པོའི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་ལ། ལྗང་མདོག་འཕེལ་རྒྱས་ཀྱི་མིང་བྱང་ཇེ་ལེགས་སུ་བཏང་ནས་མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་རེད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དེ་ཁུལ་འཛུགས་པའི་གཞི་རྩར་བརྩིས་ཤིང་། ལྗང་མདོག་འཕེལ་རྒྱས་དེ་གཞི་རྩའི་ལས་འགན་དུ་བརྩིས་ནས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཕན་ཚུན་སྤེལ་རེས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

མིག་སྔའི་བར། ཀན་ལྷོ་ཁུལ་གྱིས་མུའུ་ཁྲི1187ཡི་ཨ་བྲའི་གནོད་འཚེ་དང་རྩྭ་ཐང་བཅོས་སྒྲིག་ནུས་ལྡན་བྱས་པ་དང་། འཁོར་རྒྱུག་བྱེ་རི་མུའུ་ཁྲི3.82དང་། བྱེ་འགྱུར་རྩྭ་ཐང་མུའུ་ཁྲི21.86 ། ཉམས་ཞན་དུ་སོང་བའི་རྩྭ་ཐང་མུའུ་ཁྲི1557བཅས་བཅོས་སྒྲིག་ནུས་ལྡན་བྱས་ཤིང་། 2021ལོ་ཁོ་ནར་ཕྱུགས་ཟོག་ཚད་བརྒལ་གྲངས་འབོར200.78ཉུང་དུ་བཏང་ཡོད།

རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་བརྒྱུད། ཀན་ལྷོ་ཁུལ་གྱི་རང་བྱུང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ་ཁུལ་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད97%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས0.38འཕར་ཞིང་། ད་ལྟ་ཀན་ལྷོ་ཁུལ་གྱི་རྩྭ་ཐང་ཡང་བསྐྱར་སྔོ་ལྗང་དུ་གྱུར་ནས་ཀན་ལྷོ་ཁུལ་བརྒྱུད་པའི་རྨ་ཆུར་ཆུ་མཁོ་སྤྲོད་འདང་ངེས་བྱུང་ཡོད།

གཞན་ཡང་། ཀན་ལྷོ་ཁུལ་གྱིས་ཕྱུགས་རིགས་ཉུང་གཏོང་དང་བསྡུ་ཉར་བྱེད་པའི་ཁྲོད་གནད་ལ་འཁེལ་བའི་སྒོ་ནས་ཤུགས་རྒྱག་ས་བཙལ་ནས། སྒྲིག་བཀོད་གསོ་སྤེལ་འཕེལ་རྒྱས་གཏོང་བ་དང་། ཕྱུགས་རའི་ཁྱབ་རྒྱ་ཆེ་རུ་གཏོང་བ། གཟན་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། བཤས་གཏོང་དུས་འཁོར་ཐུང་དུ་གཏོང་བ་བཅས་བྱས་པས་རྩྭ་རའི་གནོན་ཤུགས་ཆུང་དུ་བཏང་བ་མ་ཟད། འབྲོག་པའི་ཡོང་འབབ་བརྟན་བརླིང་དུ་ཕྱིན་ནས་ཕྱུགས་བཀག་རྩྭ་ཐང་གི་ཐེག་ནུས་ཆེ་རུ་ཕྱིན་པ་དང་། ཕྱུགས་རིགས་ཉུང་དུ་ཕྱིན་ཡང་། འབྲོག་པའི་ཡོང་འབབ་འཕར་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད།

ཁུལ་དང་རྫོང(གྲོང་ཁྱེར)གིས་རྩྭ་ཐང་གི་འགུལ་རྣམ་རྒྱུན་ལྡན་ལྟ་ཞིབ་ཚད་ལེན་དུས་ཚོད་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཆབས་ཅིག རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཡོངས་བཤེར་དང་། རྩྭ་ཐང་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གདེང་འཇོག་དང་། རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་བརྟག་ཞིབ་དང་དཔྱད་དཔོག་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས། ས་ཁོངས་དེའི་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་གནས་ཚུལ་དང་། ཐོན་སྐྱེད་ནུས་པ། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་དམིགས་ཚད་སོགས་ལ་བརྟག་དཔྱད་ཞིབ་ཚགས་བྱས་ནས་རྩྭ་ཐང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་སྔར་ལས་འཐུས་ཚང་དུ་བཏང་སྟེ། 《2021ལོའི་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་སྙན་ཞུ》རྩོམ་སྒྲིག་བྱས་ནས་ཁྱབ་བསྒྲགས་བྱས། གཞན་ཡང་དུད་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་དང་། རྟ་ཐོག་དྲིལ་སྒྲོག གཅིག་སྡུད་སྒྲོག་འགྲེལ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ནང་དོན་དང་། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ཀྱི་བླང་བྱ། རྩྭ་ཐང་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་དྲིལ་སྒྲོག་དང་གསོ་སྦྱོང་རྒྱ་ཁྱབ་དང་གཏིང་ཟབ་བཏང་ནས། ཞིང་འབྲོག་མང་ཚོགས་ཀྱིས་བསམ་བློའི་ཐོག་ནས་ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོ་བའི་གནོད་འཚེ་ཚབས་ཆེན་གསལ་རྟོགས་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་བརྒྱུད“གནམ་ལ་བརྟེན་ནས་འཚོ་ཐབས”དང“འཕྲོག་བཅོམ་འཕེལ་རྒྱས”ཀྱི་རྗེས་ལུས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་།

2021ལོའི་ཟླ12པའི་ཟླ་མཇུག་བར། ཀན་ལྷོ་ཁུལ་ཡོངས་ཀྱིས་ཕྱུགས་རིགས་མགོ་གྲངས་ཁྲི200.78ཉུང་དུ་ཕྱིན་པ་དང་། དེས་འཆར་གཞིའི་ལས་འགན་གྱི190.2%ཟིན་ནས་རྫོང་དང་གྲོང་ཁྱེར་སོ་སོས་ཕྱུགས་རིགས་ཉུང་དུ་གཏོང་བའི་ལས་འགན་ཚང་མ་ཚད་བརྒལ་ངང་ལེགས་འགྲུབ་ཟིན།

ཀན་ལྷོ་ཁུལ་གྱིས་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་བྱེད་ཚད་མཐོ་རུ་བཏང་ཞིང་། ཚན་རིག་ཞིབ་འཇུག་སུའོ་དང་མཉམ་འབྲེལ་བྱས་ཏེ་འབྲི་གཡག་དང་བོད་ལུག་གི་ནུས་ཆེའི་གསོ་སྤེལ་ལག་རྩལ་ལ་ཐུན་མོང་ཐོག་ཞིབ་འཇུག་དང་གསོ་སྤེལ་བྱེད་ཚད་མཐོ་རུ་བཏང་བས། བོད་ལུག་གིས་ལོ་གཉིས་ལ་ཐེངས་གསུམ་དང་འབྲི་གཡག་གིས་ལོ་རེར་ཐེངས་རེར་བཙའ་སྐྱེས་ཐུབ་པ་བྱུང་།

མིག་སྔའི་བར། ཀན་ལྷོ་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.34བཏང་ནས་ཕྱུགས་རིགས་དྲོད་ཁང་གསར་བ་ཁྲི1.6བསྐྲུན་པ་དང་། འབྲི་གཡག་མགོ་གྲངས་ཁྲི2.2དང་ལུག་གི་མགོ་གྲངས་ཁྲི་4.65ཕྱུགས་ར་ནས་གསོ་སྤེལ་བྱས་པས་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རང་བྱུང་རྩྭ་ཐང་གི་ཐེག་ནུས་ཞི་ལྷོད་དུ་བཏང་བ་རེད།

ཀན་ལྷོ་ཁུལ་གྱིས་ཁུལ་དེའི་འབྲི་གཡག་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་དེ་བཞིན་རྒྱུད་བཟང་བསྐྱར་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འབྲི་གཡག་གི་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དེ་སྐྱེ་ཁམས་འཛུགས་སྐྱོང་གི་གཙོ་གནད་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་དགོས་མཁོ། ཐོན་ལས་འཕེལ་རྒྱས་ཀྱི་སྐལ་བཟང་། ལྗང་མདོག་དར་རྒྱས་ཀྱི་ལམ་བུ་བཅས་སུ་བརྩིས་ནས་ཀན་ལྷོ་ཁུལ་གྱི་འབྲི་གཡག་གི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། འབྲི་གཡག་སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། འབྲི་གཡག་རྒྱུད་འདྲེས་སྡེབ་སྦྱོར་ལེགས་བཅོས་ཀྱི་ལས་དོན་ཧུར་ཐག་ངང་སྤེལ།

ཀན་ལྷོ་ཁུལ་གྱིས་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་བརླིང་དུ་བཏང་སྟེ“ཡུལ་སྐོར+”གྱི་རྣམ་པར་བརྟེན་ནས་རིག་གནས་ཡུལ་སྐོར་དང་དེང་རབས་ཞིང་འབྲོག་སོགས་སྐྱེ་ཁམས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་།

འབྱུང་འགྱུར་ལ་ཕྱོགས་ནས། ཀན་ལྷོའི་མི་རིགས་སོ་སོའི་མང་ཚོགས་ཁྲི74ཡིས་ལྗང་མདོག་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས“ལྔ་མེད་ཀན་ལྷོ”བཏོད་པ་དང“བཅུ་ལྡན་ཁྱིམ་གཞིས”བསྐྲུན་ཏེ་མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་སྔོན་ལ་ལག་བསྟར་བྱེད་པའི་དཔེ་སྟོན་ཁུལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དམ་པོར་བཟུང་ནས། ཀན་ལྷོ་དེ་ཉིད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་མཐོ་ས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་མཐོ་ས་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།