ཀྲུང་གོ་བོད་ཀྱི་དྲ་བ།

​“བདུན་མཛེས”ཀླུ་ཆུ་བཏོད་དེ་བདེ་སྐྱིད་གྱི་གྲོང་ཁྱེར་སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“ལྔ་མེད་ཀན་ལྷོ”དང“བཅུ་ལྡན་ཁྱིམ་གཞིས”གཏོད་རྒྱུ་གཙོ་རྐང་དུ་བཟུང་ནས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། “དམངས་ཆེད་འགན་འཁུར་མཁན་གྱི་ལས་བྱེད་པ་མཛེས་ཤོས་དང་། དཀའ་སྤྱད་འབད་འབུངས་བྱེད་མཁན་གྱི་མང་ཚོགས་ཡག་ཤོས། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཡག་ཤོས། གསོན་ཤུགས་ཀྱིས་ཁེངས་པའི་རྫོང་གྲོང་ཡག་ཤོས། རེ་སྨོན་བྱེད་སའི་གྲོང་གསེབ་མཛེས་ཤོས། ཁོང་ཡངས་སྒོ་འབྱེད་ཀྱི་ཁོར་ཡུག་ཡག་ཤོས། འཆམ་མཐུན་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་ཤོས”བཅས་ཀྱི“བདུན་མཛེས་ཀླུ་ཆུ”ནུས་ཤུགས་ཡོད་རྒུས་བཏོད་དེ། མི་དམངས་ཡིད་ཚིམ་པའི“བདེ་ལྡན་གྲོང་ཁྱེར”བསྐྲུན་པ་རེད།

མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་མཐའ་མཚམས་སུ་གནས་པའི་ཀླུ་ཆུ་རྫོང་གི་ས་གཞི་ཆེན་པོར་བསྐྱོད་དུས། མིག་ལམ་དུ་མངོན་པ་ནི་བོད་ལུགས་སྨན་རྒྱུ་དང་། ཤ་མོ་སོགས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་དང་ནོར་ལུག་གསོ་སྤེལ་རྟེན་གཞི་བཅས་ཡིན་ལ། ཉེ་བའི་ལོ་འགའི་རིང་ཀླུ་ཆུ་རྫོང་གིས་ས་མཐོའི་ཁྱད་ལྡན་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྲོལ་རྒྱུན་གྱི་ལེགས་ཆའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པས་དེང་རབས་ཞིང་འབྲོག་ལས་དང་གྲོང་གསེབ་ཡུལ་སྐོར་ལས་རིགས། བོད་ལུགས་སྨན་རྩྭ་འདེབས་འཛུགས་ལས་རིགས། ངལ་ནུས་གཞན་སྒྱུར་ཞབས་ཞུའི་ལས་རིགས། ལྗང་མདོག་ནུས་རྒྱུའི་འོད་ཤུགས་གློག་འདོན་སོགས་ཀྱི“ཐོན་ལས་ཆེན་པོ་ལྔ”གྲུབ་ཡོད། གཞན་ཡང་ཕྱོགས་མང་པོ་དང་ཐབས་ལམ་མང་པོའི་ཐོག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་བཏང་སྟེ“ཐོན་ལས་གསུམ་མཉམ་འདྲེས་དང་འགྱུར་གསུམ་སྐུལ་ཁྲིད”གཞི་གཅིག་ཏུ་གྱུར་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་གཙོ་གཞི་རིམ་བཞིན་ཆགས་པ་དང་། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རང་བྱུང་དང་ལྗང་མདོག་གི་སྦགས་བཙོག་མེད་པའི་ས་མཐོའི་སྐྱེ་ལྡན་སྤུས་རྟགས་སྐྱེད་སྲིང་བྱས་ཡོད།

ད་ལོའི་ལོ་སྟོད་དུ་ཀླུ་ཆུ་རྫོང་གི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཁག་དགུ་ཡོད་པའི་ནང་དཔལ་འབྱོར་དམིགས་ཚད་ཁག་ལྔ་ཡི་འཕར་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བའམ་ཡང་ན་འདྲ་མཉམ་ཡིན། དེའི་ནང་ཐོན་ལས་གཉིས་པའི་འཕར་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས49.8ཀྱིས་མཐོ་བ་དང་། ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས0.1གིས་མཐོ་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.9ཡིས་མཐོ་བ་རེད། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས15.2ཀྱིས་མཐོ་ཞིང་། གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་གཅིག་མཚུངས་ཡིན་པ་རེད།

ཀླུ་ཆུ་རྫོང་གི་ས་གནས་ཀྱི་ལེགས་ཆ་མངོན་གསལ་ཡིན་པ་དང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ། རང་བྱུང་དང་མི་ཆོས་མཛེས་ལྗོངས་ཕན་ཚུན་གཅིག་ཏུ་འདྲེས་ཡོད། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཀླུ་ཆུ་རྫོང་གིས་ཤར་རྩེ་ཐང་གི་སྐོར་བྲོ་རྒྱུན་འཛིན་དང་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཙུགས་ཏེ། ལྷ་མོ་དགོན་དང་། རྫས་ཚའི་བྲག་རྫོང་། ཀ་ཤུལ་སོགས་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ས་ཚིགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། ཀ་ཤུལ་བོད་རིགས་གྲོང་སྡེའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་ཁུལ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དངོས་སུ་གྱུར་ཡོད་པ་དང་། གཞན་ཡང“ལོ་རྒྱུས་བསྐྱར་དུ་མངོན་པའི”རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རིག་དངོས་སྲུང་སྐྱོབ་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཟློས་གར་དང་སྨྱུག་རྩེའི་སྦྲ་གུར། ལག་ཤེས་བོད་སྨན་སོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད།

ད་ལྟ་ཀ་ཤུལ་གྲོང་ཚོར་བསྐྱོད་སྐབས་ཡུལ་ལྗོངས་མཛེས་ཤིང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་ཞིག་ཡིན། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་ཀླུ་ཆུ་རྫོང་གིས་ཀ་ཤུལ་གྲོང་ཚོའི“དྲུག་འགྱུར”དང“བཅོས་སྒྱུར་ལྔའི”སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་པ་དང་འབྲེལ“ཁོར་ཡུག་མཛེས་པ་དང་། ཐོན་ལས་མཛེས་པ། སྐྱེ་ཁམས་མཛེས་པ། འདུ་ཤེས་མཛེས་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྐྱེ་ཁམས་ཀ་ཤུལ་དང་། འབྱོར་ཕྱུག་ཀ་ཤུལ། འཆམ་མཐུན་ཀ་ཤུལ་བཅས་འཛུགས་སྐྲུན་བྱས་པ་རེད། མིག་སྔར་ཀླུ་ཆུ་ཡི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ཁག་གི“ཡུལ་སྐོར+”ལས་སྒོ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་རྫོང་ཡོངས་ཀྱི་ཐོན་ལས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་མ་ཐེབས་ཏེ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད།

“རྗེས་མར། ཀླུ་ཆུ་ཡིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་བཏོན་པའི‘ལྟེ་བ་གཅིག་དང་རྒྱུད་གསུམ’གྱི་ས་ཁོངས་འཕེལ་རྒྱས་ཀྱི་གནས་སྟངས་དང‘སྟོབས་ཆེན་བཞི’ཡི་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་བླངས་ནས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་སླར་ཡང་འཆར་འགོད་བྱ་རྒྱུ་དང་། སླར་ཡང་བཀོད་སྒྲིག་བྱས་ནས‘ལྔ་མེད་ཀན་ལྷོ་དང་བཅུ་ལྡན་ཁྱིམ་གཞིས། བདུན་མཛེས་ཀླུ་ཆུ’གསར་གཏོད་བྱ་སྤྱོད་ལ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩི་དགོས་པ་མ་ཟད། སྐྱེ་ཁམས་མཛེས་ཤིང་ཡིད་དུ་འོང་བ། ཐོན་ལས་སྣ་མང་། དཔལ་ཡོན་སྒོ་འབྱེད། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན”ཞེས་ཀླུ་ཆུ་རྫོང་ཨུའི་འགན་འཁུར་བ་གཙོ་བོས་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།