ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་བོད་ལུགས་གསོ་རིག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་འགོག་བཅོས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཇུས་གཞི་བཟོས་ནས་ནག་པོ་དགུ་སྦྱོར་གྱི་རིམས་འགོག་དྲི་ཞིམ་སྨན་ཁུག་དང་སྨན་ཐང་སྦང་ཁུ་སོགས་རིམས་འགོག་བོད་སྨན་ཁྱབ་གདལ་བཏང་། ཐེངས་འདིའི་རིམས་ནད་ཐོན་པ་ནས་བཟུང་། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་མཉམ་འདྲེས་གཞོགས་འདེགས་ཧུར་ཐག་བྱས་ཏེ། བསང་ཆུའི་པྲོག་གསར་གློ་ཚད་འགོག་རྒོལ་བྱེད་པའི་ཁྲོད་ཀྲུང་ལུགས་དང་། ཕྱི་ལུགས། བོད་ལུགས་གསོ་རིག་བཅས་ཀྱིས་རིམས་ནད་མཉམ་དུ་འགོག་བཅོས་བྱེད་པའི“ཐབས་མང་མཉམ་སྤྱོད”ཀྱི་ཐབས་ལམ་ཞིག་བཏོན་ཡོད།

“ཀྲུང་གོའི་སྲོལ་རྒྱུན་གསོ་རིག་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་ལུགས་གསོ་རིག་དང་བོད་སྨན་རིག་པར་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ཁྱད་ཆོས་ལྡན་ཡོད། རིམས་ནད་སྔོན་འགོག་དང་། བདེ་ཐང་སླར་གསོ་དང་འཕྲོད་སྦྱོར་སྨན་བཅོས་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད”ཅེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་སེང་ལོས་གསར་འགོད་པར་དེ་ལྟར་བཤད་པ་དང་། ཁོང་གིས་བོད་ལུགས་གསོ་རིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཁོར་ཡུག་དང་ཁྱད་ལྡན་ཐོན་རྫས་ཀྱི་སྨན་རྒྱུ་ཡོད་པ་མ་ཟད། རིམས་ནད་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལག་ལེན་ཁྲོད་རྒྱུན་འཛིན་དང་གསར་གཏོད་ཐུབ་ནས་མི་རིགས་ཀྱི་གསོ་བ་རིག་པའི་མ་ལག་ཆ་ཚང་ཞིག་ཆགས་ཡོད་ཅེས་ཟེར།

རྒྱུ་ཆ་འདེམས་པ་དང་། སྨན་འཐག་པ། འདུལ་སྦྱོང་བྱེད་པའི་ལས་ལ་བྲེལ་བཞིན་པའི་ལས་དོན་མི་སྣས་ཞིབ་འཐག་བྱས་པའི་སྨན་མགྱོགས་མྱུར་ངང་ཐུམ་སྒྲིལ་རྒྱག་བཞིན་ཡོད། བསང་ཆུ་རྫོང་བོད་སྨན་ཁང་དུ་གསར་འགོད་པས་སྨན་དོན་མི་སྣས་འབྲེལ་ཡོད་སྨན་རྒྱུ་འདང་ངེས་གྲ་སྒྲིག་བྱས་ནས། ཚང་མས་ལས་བགོས་མཉམ་སྒྲུབ་དང་གཞོགས་འདེགས་དམ་ཟབ། གོ་རིམ་ལྡན་པའི་ལས་དོན་སྒྲུབ་བཞིན་ཡོད་པ་མཐོང་། 

བསྟུད་མར་ཉིན་འགའི་རིང་། བསང་ཆུ་རྫོང་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྲོལ་རྒྱུན་གྱི་སྡེབ་སྦྱོར་བཟོ་རྩལ་སྤྱད་ནས་ནག་པོ་དགུ་སྦྱོར་གྱི་རིམས་འགོག་དྲི་ཞིམ་སྨན་ཁུག་དང་སྨན་ཐང་སྦང་ཁུ་སོགས་རིམས་འགོག་བོད་སྨན་རིགས4བཟོས་པ་མ་ཟད། ཁོ་ཚེ་ཤང་དང་། ཡར་རི་རྒྱུད་ཤང་། ཨ་མཚོག་ཤང་སོགས་ལ་རིན་མེད་སྒོས་སྤྲད་པ་དང་། རིམས་ནད་འགོག་པའི་འཐབ་ས་དང་པོའི་ལས་དོན་མི་སྣ་དང་རིམས་ནད་མཆེད་སླ་བའི་མི་ཚོགས་ལ“སྲུང་གོས”བསྣན་པ་རེད། མིག་སྔར་བསྡོམས་པས་བོད་སྨན8571སྤྲད་པ་རེད།

“མིག་སྔའི་རིམས་ནད་འགོག་སྡོམ་གྱི་དུས་བབ་ལ་དམིགས་ནས། ང་ཚོས་སྨན་ཐང་དང་། རིམས་འགོག་དྲི་ཞིམ་སྨན་ཁུག རིམས་འགོག་བདུག་སྤོས་ཕྱེ་མ་སོགས་བོད་སྨན་རིགས4ནད་པར་མཁོ་འདོན་བྱེད་ཀྱི་ཡོད་དེ། འགོག་བཅོས་ནང་ཞུགས་པའི་རིང་བོད་ལུགས་གསོ་རིག་གི་ཆེད་མཁས་པ་དང་ཞིང་ཆེན་དང་ཁུལ་གྱི་སྨན་བཅོས་ཆེད་མཁས་ཚོགས་ཆུང་བར་འབྲེལ་གཏུག་གང་ལེགས་བྱས་པས། ཕྱི་ལུགས་གསོ་རིག་དང་། ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག་བཅས་མཐུན་སྦྱོར་གཞོགས་འདེགས་ཐུབ་པ་དང་འབྲེལ། རིམས་ནད་འགོག་སྡོམ་ཁྲོད་ཀྱི་ཕན་ནུས་ལ་དོ་ཁུར་ཟབ་མོ་གནང་ནས་འཕྲལ་མར་ནད་ཐོག་སྨན་བཅོས་ཐད་སྤྱོད་པར་མཛུབ་ཁྲིད་ཐུབ་ཡོད”ཅེས་སེང་ལོ་ཡིས་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།