ཀྲུང་གོ་བོད་ཀྱི་དྲ་བ།

བོད་རིགས་སྨན་པ་ཞིག་གིས་བོད་ཀྱི་གསོ་རིག་རྒྱུན་འཛིན་བྱས་ནས་ལོ་སུམ་བཅུའི་རིང་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བོད་ཀྱི་གསོ་བ་རིག་པ་ལ་ལོ་ངོ3000གྱི་ལོ་རྒྱུས་ལྡན་ཡང་། རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གསོ་བ་རིག་པར་རྒྱུས་ལོན་གཏིང་ཟབ་བྱས་མེད་པས། ནད་བསྟེན་དུ་ཡོང་བའི་ནད་པ་ལས95%ཡས་མས་བོད་རིགས་མང་ཚོགས་རེད”ཅེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་མཁའ་འགྲོ་རྒྱལ་གྱིས་བཤད། ཀྲུང་ལུགས་གསོ་རིག་གི“ངོ་མདངས་ལ་ལྟ་བ་དང་། དབུགས་ལེན་ཚུལ་ཉན་པ། ནད་རྟགས་འདྲི་བ། རྩ་རྟགས་པ”བཅས་དང་འདྲ་བར་བོད་ལུགས་གསོ་རིག་ལའང“ངོ་མདངས་ལ་ལྟ་བ་དང་ནད་རྟགས་འདྲི་བའི”བརྒྱུད་རིམ་ཡོད་ཅེས་བཤད།

3.jpg

པར་འདི་ནི་སྨན་པ་མཁའ་འགྲོ་རྒྱལ་རེད།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་མཁའ་འགྲོ་རྒྱལ་གྱིས་ལོ་ངོ30ཡི་རིང་སྨན་པའི་ལས་དོན་བསྒྲུབས་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་ཕན་ཚུན་ཟུང་འབྲེལ་སྒོས་སྨན་བཅོས་བྱེད་ཐབས་མཐའ་འཁྱོངས་བྱས་པ་རེད། 

ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཀླུ་ཆུ་རྫོང་ནི་འབྲོག་ལས་གཉེར་བའི་རྫོང་ཞིག་ཡིན་པ་དང་། རྫོང་ཡོངས་ཀྱི་མི་གྲངས་ཁྲི3ལྷག་ཡོད་པའི་ནང་བོད་རིགས80%ཡན་ཟིན་ཡོད་པས། བོད་སྨན་ཁང་གིས་བོད་རིགས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་པའི་ཐད་ནུས་བ་ཆེན་པོ་ཐོན་ཡོད། བོད་ལུགས་གསོ་རིག་གི་གཞུང་ལུགས་ཁྲོད་དུས་ཚིགས་མི་འདྲ་བའི་ནང་ནད་གཞི་མི་འདྲ་བ་འབྱུང་བ་དང་། སྨན་རྩྭ་མི་འདྲ་བ་དུས་ཚིགས་མི་འདྲ་བའི་ནང་བཏོག་དགོས་པ་བསྟན་ཡོད།

ལོ་ངོ30ཡི་རིང་གི་སྨན་པའི་ལས་དོན་གཉེར་བའི་གོ་རིམ་ཁྲོད། མཁའ་འགྲོ་རྒྱལ་གྱིས་ནམ་ཡང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་ལེགས་ཆ་ཟུང་འབྲེལ་གྱི་སྨན་བཅོས་བྱེད་ཐབས་མཐའ་འཁྱོངས་བྱས་པ་རེད། ཁོང་གིས་ནད་ལ་ལྟ་བའམ་ཡང་ན་སྨན་བཅོས་བྱེད་པར་རྒྱུན་པར་དམིགས་བསལ་གྱི་དུས་ཚོད་བདམས་དགོས་ཤིང་། དེ་ནི་བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་ཁྱད་པར་ཡིན་ཡང་སྲིད། བོད་སྨན་མང་པོ་ཞིག་ནི་མཐོ་སྒང་དུ་སྐྱེ་བའི་སྨན་རྩྭ་ཡིན་པ་དང་། ལ་ལ་ནི་སྲོག་ཆགས་དང་ཐ་ན་གཏེར་རྫས་ནས་ཐོན་པ་རེད། ཁྲག་གཏོང་བ་དང་། སྨན་བྱུགས་ནས་འཕུར་མཉེད་བྱེད་པ། སྐམ་ཁབ་འཛེར་བ་སོགས་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་བྱེད་ཐབས་དེ་དག་གིས་བོད་ཀྱི་གསོ་བ་རིག་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྣན་ཡོད།

3.jpg

པར་འདི་ནི་སྨན་པ་མཁའ་འགྲོ་རྒྱལ་གྱིས་ལས་གྲོགས་དང་མཉམ་དུ་ནད་པར་བརྟག་བཞིན་པའི་ཚུལ་ཡིན།

མི་རབས་ནས་མི་རབས་བར་མཐོ་སྒང་དུ་གནས་པའི་བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁམས་དང་ནད་ཡམས་སྣ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་མ་ལག་ཅིག་གྲུབ་ཡོད་པས། སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ་དར་རྒྱས་གོང་འཕེལ་བྱུང་ནས་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་དང་། སྨན་བཅོས། ཚན་ཞིབ། རིག་གཞུང་བཅས་དང་དེ་བཞིན་ཐོན་སྐྱེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་ཤིག་བཏོད་ཡོད། 2008ལོར“ཀན་ལྷོའི་བོད་ལུགས་གསོ་རིག”རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བཅུག་པ་དང་། ཀླུ་ཆུ་རྫོང་བོད་སྨན་ཁང་ནི་རྣམ་གྲངས་དེའི་སྲུང་སྐྱོང་ལས་ཁུངས་གཅིག་པུར་གྱུར་ཡོད།

ལས་དོན་སྤེལ་བ་དང་ཆབས་ཅིག མཁའ་འགྲོ་རྒྱལ་གྱིས་ཆེད་ལས་ཤེས་བྱ་གཏིང་ཟབ་སྦྱངས་ནས། སྔ་རྗེས་སུ་མཁའ་དམག་ལན་ཀྲོའུ་སྨན་ཁང་དང་ཀན་སུའུ་ཞིང་ཆེན་འབྲས་སྐྲན་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་ཐེངས་མང་བསྐྱོད་དེ། བསྟུད་མར་ཆེད་ལས་དཔྱད་རྩོམ20ལྷག་སྤེལ་བ་མ་ཟད། སྔོན་བྱོན་མཁས་བའི་ཉམས་མྱོང་སློབ་སྦྱོང་དང་ཕྱོགས་སྡོམ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག《བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་འཛོམས་པའི་ནོར་བུ་ཕྲེང་འབྲེལ》དང《བོད་ཀྱི་གསོ་བ་རིག་པའི་དཔྱད་རྩོམ་གྱི་ལི་ཤི་རིན་པོ་ཆེ》《བོད་ཀྱི་གསོ་བ་རིག་པའི་དཔྱད་རྩོམ་རིན་ཆེན་ནོར་བུ》སོགས་བརྩམས་ཡོད། གཞན་ཡང་། ཐེངས་མང་པོར་དམངས་ཁྲོད་ཀྱི་སྲོལ་རྒྱུན་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་ཀན་ལྷོའི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་།

དྲ་བའི་ཁྱབ་གདལ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་ལས་བོད་ཀྱི་གསོ་རིག་བརྒྱུད་སྤེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་མོད། འོན་ཀྱང་མཁའ་འགྲོ་རྒྱལ་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་སྔར་ལས་མང་པོས་ཤེས་རྟོགས་དང་དང་ལེན་བྱེད་ཐུབ་པའི་རེ་བ་བཅངས་ཡོད། དེ་ནས2004ལོ་ནས་བཟུང་། ཁོང་གིས་སློབ་ཁྲིད་དང་གྲོང་གསེབ་ཏུ་ཚབ་ཁྲིད་གསོ་སྦྱོང་བྱེད་པ། དེ་བཞིན་དུ་ས་གནས་སྨན་ཁང་གཙོ་བོ་ཕན་ཚུན་བརྗེ་རེས་ངང་བོད་སྨན་སྨན་བཅོས་ཚན་ཁག་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། བོད་ལུགས་གསོ་རིག་གི་སྨན་པ་སྔར་ལས་མང་པོ་གསོ་སྐྱོང་བྱས་པ་དང་། ད་ལོ་ལོ35ལོན་པའི་རྒྱལ་ལོ་ལགས་ནི་དེའི་ཁྲོད་ཀྱི་གཅིག་རེད།

རྒྱལ་ལོ་ཡིས་སྔོན་ཆད་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་དུ་ལས་གཉེར་བྱས་མྱོང་པ་དང་། རྗེས་སུ་ཀླུ་ཆུ་རྫོང་བོད་སྨན་ཁང་གི་སྨན་སྦྱོར་ཁང་དུ་ལས་ཀ་བྱེད་སྐབས། ཁོས་ད་གཟོད་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་སྨན་དབྱེ་འབྱེད་དང་། འདུལ་བཅོས། སྡེབ་སྦྱོར་སོགས་སྦྱངས་པ་ཡིན། འོན་ཀྱང་ཁོས་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་བོད་ལུགས་གསོ་རིག་ཤེས་བྱ་དེ་ཙམ་ལ་ཡིད་མ་ཚིམ་པར། 2016ལོར་རབ་འབྱམས་པའི་མིང་ཐོག་ནས་ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་ཟབ་སྦྱོང་བྱེད་པར་བསྐྱོད་པ་དང་འབྲེལ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྐམ་ཁབ་འཛེར་སྟངས་ལ་ཞིབ་བསྡུར་ཞིབ་འཇུག་བྱ་རྒྱུ་དེ་སློབ་སྦྱོང་གི་ཁ་ཕྱོགས་སུ་བཟུང་བ་རེད།

རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ངེས་ཅན་ཞིག་གསོག་འཇོག་བྱས་པའི་རྒྱལ་ལོ་སློབ་མཐར་ཕྱིན་རྗེས། ཡང་བསྐྱར་དགེ་རྒན་ཆེན་མོ་མཁའ་འགྲོ་རྒྱལ་གྱི་གམ་དུ་ལོག་སྟེ། སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་སྡོད་པའི་ནད་པ་བསྡུ་ཉར། ནད་ཐོ་འབྲི་བ་སོགས་ཀྱི་ལས་དོན་བརྒྱུད་དེ། གནད་དོན་དང་འཕྲད་དུས་དགེ་རྒན་ལ་ཞུས་བ་རེད། ཁོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་རྒྱུན་འཛིན་ཐུབ་པ་མ་ཟད། ད་ལྟའི་ཅུང་ཆ་ཚང་བའི་ཀྲུང་ལུགས་གསོ་རིག་གི་རིག་གཞུང་མ་ལག་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཟུང་འབྲེལ་གྱིས་བོད་ལུགས་གསོ་རིག་ཁྱབ་གདལ་བཏང་སྟེ། མིའི་རིགས་ཀྱི་བདེ་ཐང་ལ་ཞབས་ཞུ་སྒྲུབ་པའི་རེ་བ་བཅངས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།