ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེང་ཞའོ་པོས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས7ཉིན་ནས་ཚེས9ཉིན་གྱི་བར་ཧྲིན་ཀྲང་གཞོན་པ་ཁྲེང་ཞའོ་པོས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཁྲིད་དེ་ཐེ་བོ་དང་འབྲུག་ཆུ་རྫོང་གི་ལས་གཞིའི་ལས་ཡུལ་དང་མཛེས་ལྗོངས་ཁུལ། ཤང་གྲོང་དང་སྡེ་བ། ཁེ་ལས་ཀྱི་བཟོ་ཁུལ། གཙོ་གནད་ཆུ་ལམ་བཅས་སུ་སོང་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས། ཞིང་སྡེ་དར་རྒྱས་ལག་བསྟར། ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་བྱས་ནས་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། དྲག་ཞན་གསབ་རེས། ནུས་ཤུགས་ཡོད་རྒུས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་ངང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དབྱང་ཝུའུ་ཡིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
    ཁྲེང་ཞའོ་པོ་འཁོར་དང་བཅས་པ་ཐེ་བོ་རྫོང་གཡི་བ་གྲོང་རྡལ་བྲག་སྒམ་ནང་སྡེ་བར་སོང་ནས་བྲག་སྒམ་ནང་གི་ཞིང་ནགས་ཕྱུགས་གསུམ་མཉམ་འདུས་མ་ལག་སྲུང་སྐྱོང་དང་། བཙན་པ་སྡེ་བ་ཧྲིལ་བོ་ལེགས་གཏོང་སྒྱུར་བཀོད། རང་བྱུང་སྡེ་བའི་ཚན་ཆུང་གི་འགྲོ་ལམ་སྲ་བསྒྱུར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཁོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་འཕེལ་རྒྱས་དང་། ཞིང་ནགས་ཕྱུགས་གསུམ་མཉམ་འདུས་མ་ལག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་པ་དང་མཉམ་དུ་ས་གནས་དེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་། རྒྱུན་འཛིན་བཅས་ལ་སྣང་ཆེན་གྱིས་མཛེས་ལྗོངས་ཁུལ་འཕེལ་རྒྱས་གཏོང་བའི་རིག་གནས་ཀྱི་ནང་དོན་དང་གཟུགས་བརྙན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱ་དགོས་ལ། བྲག་སྒམ་ནང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མཐོ་ཚད་གསར་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། བྲག་སྒམ་ནང་གི་མཛེས་ལྗོངས་ཁུལ་གྱི་ཉམས་འགྱུར་དང་རང་བྱུང་ཁོར་ཡུག་མཐུན་སྦྱོར་གཞི་གཅིག་དང་། ཞིང་ཆེན་འགྲིམ་འགྲུལ་ཐིང་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས G249ལས་གཞི། བོད་འབྲེལ་ཆེད་དོན་ཞི་སྡེའི་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ། བྲག་སྒམ་ནང་དང་མཚོ་སྨན་རྒྱལ་མོ་སོགས་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྔ་མོ་ནས་འགྲུབ་པར་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་ཡུལ་སྐོར་གྱི་སྐོར་ལམ་ཞིག་ཆགས་པ་བྱ་དགོས་ཞེས་བསྟན།

སྟག་ར་ཤང་གི་མགོ་བརྒྱད་སྡེ་བ་ནས་ཁྲེང་ཞའོ་པོ་ཡིས་གསར་བརྗེའི་ཡུལ་སྐོར་ཐོན་ལས་གསར་སྤེལ་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། བོད་བཟོའི་སྤྲོ་གསེང་མིའི་སྡོད་ཁང་འཕེལ་རྒྱས། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཁོས“གནོད་མེད་ལྔ་ཡི་ཀན་ལྷོ”གཏོད་རྒྱུ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་བསྐྲུན་རྒྱུ་དེ་ཞིང་སྡེ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ། མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་དང་རྟེན་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་ལ། གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཞིང་སྡེའི་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མགོ་བརྒྱད་སྡེ་བའི་རྩ་ཆེའི་གསར་བརྗེའི་ཐོན་ཁུངས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས། ས་གནས་དེའི་མང་ཚོགས་རྣམས་གསར་བརྗེའི་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་ནན་གྱིས་བསྟན། སྐབས་དེའི་སྐབས་སུ་ཁྲེང་ཞའོ་པོ་འཁོར་དང་བཅས་པས་ད་དུང་མགོ་བརྒྱད་གྲོས་ཚོགས་ཀྱི་གནས་རྙིང་དང་ལ་གཟར་འགག་གཡུལ་འགྱེད་དྲན་གསོ་ཁང་ལ་ལྟ་སྐོར་བྱས།

དེའི་རྗེས་སུ་ཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཁྲེང་ཞའོ་པོས་འགན་འཁྲི་ལེགས་པོ་ཁུར་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ། བྱ་བའི་བསམ་ཕྱོགས་སྔར་བས་གསལ་བཟོ་བྱེད་པ། བྱ་བའི་གཙོ་གནད་ཁ་གསལ་བོ་བྱེད་པ། བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཞིང་སྡེ་དར་རྒྱས་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་དམ་པོར་འཛིན་པ་དང་ལས་གཞིའི་མ་དངུལ་གཅིག་འདོམས་བེད་སྤྱོད་བྱེད་པ། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཐོན་ཁུངས་སྣ་ཚོགས་གང་ལེགས་སྤྱོད་པ་བཅས་བྱ་དགོས། ས་གཤིས་གནོད་འཚེ་ལ་ཉེན་གཡོལ་གནས་སྤོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། རྗེས་མཐུད་དཔྱད་དཔོག་སོགས་ཀྱི་གཙོ་གནད་བྱ་བ་དག་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་ཆུ་བེད་ཐིང་། ཀན་ལྷོ་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་དང་ཐེ་བོ་རྫོང་། འབྲུག་ཆུ་རྫོང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྟོག་ཞིབ་ཏུ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།