ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་ཞིང་སྡེའི་ཕྱུག་འགྱུར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱང་རིང་གི་རི་རྩེ་ནས་ཀླུ་ཤོད་གྲོང་རྡལ་ལ་བལྟས་ཚེ། ཀྱག་ཀྱོག་ལྡན་པའི་ཨར་འདམ་གྱི་གཞུང་ལམ་ཞིག་གྲོག་རོང་དང་ནགས་ཚལ་བརྒྱུད་ནས་དྲི་མེད་དྭངས་གཙང་གི་ཁ་བཏགས་ཤིག་དང་འདྲ་བར་ཀླུ་ཤོད་གྲོང་རྡལ་གྱི་ཕྱོགས་སུ་འཐེན་ཡོད་ལ། སྔོ་ལྗང་ལྗང་གི་ནགས་ཀླུང་དང་དྭངས་གཙང་གི་ཆུ་བོ་ཡིས་གཞུང་ལམ་གྱི་མཐའ་ནས་བསྐོར་འདུག

“སྔོན་ཆད་གཞུང་ལམ་འདི་ནི་ས་ལམ་ཡིན་པས་ཆར་བ་འབབ་པའི་དུས་སུ་ལམ་ངོས་ཚང་མ་ས་འདམ་གྱིས་ཁེངས་ནས་འགྲོ་སྐྱོད་བྱེད་པར་སྟབས་བདེ་མིན། མང་ཚོགས་ཕྱུག་འགྱུར་ཡོང་དགོས་ན་སྔོན་ལ་ལམ་ལས་དགོས་པ་རེད། སྲིད་གཞུང་གིས་ང་ཚོར་གཞུང་ལམ་འདི་འདྲ་ལེགས་པོ་ཞིག་བསྐྲུན་པས། ད་སྐབས་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་རེད”ཅེས་ཀླུ་ཤོད་གྲོང་ རྡལ་ཤྭ་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བན་དེ་མཁར་གྱིས་བཤད། 

གཙོས་གྲོང་ཁྱེར་ཤྭ་སྡེ་ནས་ཕ་གྱོ་སྡེ་བའི་བར་གྱི་ཨར་འདམ་གྱི་གཞུང་ལམ་དེ་ནི་གཙོས་གྲོང་ཁྱེར་གྱི 2021ལོའི་རང་བྱུང་སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་གྲས་ཤིག་ཡིན་པ་དང་། ལམ་ཐིག་དེའི་སྤྱིའི་རིང་ཚད་ཀྱིས་སྟོང་སྨི 2.85ཟིན་ལ། ལས་གཞིའི་སྔོན་རྩིས་དངུལ་འབོར་སྒོར་ཁྲི215.46ཡིན། 

“ལས་གཞི་འཛུགས་སྐྲུན་བྱེད་པའི་སྐབས་སུ། འཛུགས་སྐྲུན་ལས་ཁུངས་དང་ཞིབ་བཤེར་ཚད་ལེན་ལས་ཁུངས། ཨར་ལས་ལས་ཁུངས། ལྟ་ཞིབ་དོ་དམ་ལས་ཁུངས་བཅས་ཀྱིས་སྤུས་ཚད་ལ་མཐོང་ཆེན་དང་། བླང་བྱ་ནན་མོ་འདོན་པ། མྱུར་ཚད་མགྱོགས་པོ་བྱེད་པ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་དེ་རྩེར་སོན་ལས་གྲྭ་དང་དཔེ་མཚོན་ལས་གྲྭ དམངས་སེམས་ལས་གྲྭ་བཅས་སུ་འགྱུར་བར་ནུས་ཤུགས་ཡོད་རྒུ་བཏོན”ཞེས་གཙོས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཡུམ་ཚེ་རིང་གིས་བཤད།

ཉེ་བའི་ལོ་འགར། གཙོས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཧུར་ཐག་སྒོས་ལས་གཞི་བརྩོན་ལེན་དང་མ་དངུལ་གྲབས་གསོག་བྱས་ཏེ། རང་བྱུང་སྡེ་བར་ཨར་འདམ་གཞུང་ལམ་ཤར་གཏོང་བྱེད་པའི་ལས་གཞིའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།   

ད་ལོར་གཙོས་གྲོང་ཁྱེར་གྱི་རང་བྱུང་སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཁྲོད་རང་བྱུང་སྡེ་བའི་གཞུང་ལམ་ཁག21ཡོད་ལ། བསྡོམས་པས་སྤྱི་ལེ106ཟིན་པ་དང་། ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི9137བཏང་། ལས་གཞི་མཇུག་སྒྲིལ་རྗེས་རང་བྱུང་སྡེ་བ42ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་རེད། དེའི་ཁྲོད་ཀྱི་གཙོས་གྲོང་ཁྱེར་དུང་ཁྱུང་སྡེ་བ་ནས་དུང་ཁྱུང་སྡེ་བའི་རུ་ཁག་གསུམ་པའི་བར་གྱི་ཨར་འདམ་གཞུང་ལམ་དེ་དུས་བདེའི་སྡེ་བའི་དཔེ་སྟོན་གཞུང་ལམ་དུ་འཛུགས་སྐྲུན་བྱས་པ་དང་། མ་མོ་སུམ་སྣ་ནས་ཚལ་མདོ་བར་གྱི་གཞུང་ལམ་དེ་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་གཞུང་ལམ་དུ་འཛུགས་སྐྲུན་བྱས།  །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།