དཔའ་རིས་སངས་རྒྱས་ཀྱིས་བསྒྲིགས་པའི《བོད་ཡིག་ཀུན་ཁྱབ་མིང་མཛོད》ལ་ཀྲུང་གོའི་པར་སྐྲུན་ལས་རིགས་ཀྱི་ཆེས་མཐོ་བྱ་དགའ་ཐོབ་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནུབ་བྱང་མི་རིགས་སློབ་ཆེན་ནས་ལས་ཁྱུར་ངལ་གསོ་བྱས་པའི་དཔའ་རིས་སངས་རྒྱས་ལགས་ཀྱིས་ལོ་ཟླ20ཡི་དཀའ་ཚེགས་བརྒྱུད། ཤོག་གྲངས57000ལྷག་གི་ལག་བྲིས་ལས《བོད་ཡིག་ཀུན་ཁྱབ་མིང་མཛོད》གཞི་ནས་གྲུབ་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མིང་མཛོད་འདིར་ཀྲུང་གོའི་གསར་འགྱུར་པར་སྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོ་བྱ་དགའ་སྟེ་སྐབས་ལྔ་བའི་ཀྲུང་གོའི་པར་སྐྲུན་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ་ཐོབ། 

2018ལོར་པར་དུ་བསྐྲུན་པའི《བོད་ཡིག་ཀུན་ཁྱབ་མིང་མཛོད》

རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་བོད་རིག་པའི་མཁས་དབང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས(མིང་གཞན་ལ་མ་ཅིན་ཝུའུ་ཟེར)ལགས་ནི1931ལོར་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་ནས་སྐྱེས། 1954ལོར་ནུབ་བྱང་མི་རིགས་སློབ་གླིང་གི་སྐད་ཡིག་སྡེ་ཁག་མཐར་ཕྱིན་རྗེས་དེ་ག་ནས་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ད་ལྟ་དགུང་ལོ་དགུ་བཅུ་ལས་བརྒལ་ཡོད། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ནང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་དེ། 《དཔེ་ཆོས་ཚིག་མཛོད》དང《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》སོགས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་པར་དུ་བསྐྲུན་ཡོད། ལྷག་པར་དུ་བོད་ཀྱི་སྐད་བརྡ་རིག་པ་དང《གླིང་གེ་སར》ཞིབ་འཇུག་ཁྱབ་ཁོངས་སུ་རྨད་དུ་བྱུང་བའི་བྱས་རྗེས་བཞག་ཡོད། རིག་གནས་པུའུ་སོགས་སྡེ་ཁག་མང་པོས་མཉམ་དུ་སྤྲད་པའི“བྱས་རྗེས་གཟེངས་སུ་ཐོན་པའི་སྔོན་ཐོན་མི་སྒེར་གྱི་བྱ་དགའ”དང“ཀན་སུའུ་ཞིང་ཆེན་གྱི་ཡོན་ཏིང་བྱ་དགའ”སོགས་ཀྱི་གཟི་བརྗིད་ཐོབ་མྱོང་བ་མ་ཟད། བྱས་རྗེས་འབུར་དུ་ཐོན་པའི་མི་སྣ་ཡིན་པའི་ཆ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་རོགས་སྐྱོར་ལོངས་སྤྱོད་བྱེད་བཞིན་ཡོད།

ཁོང་གིས་ལོ་མང་པོའི་གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་ཁྲིད་བྱ་བའི་ཁྲོད་དུ། ཁོང་གིས1985ལོར་པར་དུ་བསྐྲུན་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》ཡིས་སྤྱི་ཚོགས་འཚོ་བ་དང་ལས་རིགས་སོ་སོའི་རྣམ་པ་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། སློབ་ཁྲིད་དང་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས། སྔར་བས་ཆ་ཚང་བ་དང་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་ཅིག་རྩོམ་སྒྲིག་བྱེད་དགོས་པའི་འདུན་པ་སྐྱེས།  

1996ལོར། དཔའ་རིས་སངས་རྒྱས་དངོས་སུ་ལས་ཁྱུར་ངལ་གསོ་བྱས། ཁོང་གིས《བོད་རྒྱ་ཚིག་མཛོད་ཆེན་མོའི》རྨང་གཞིའི་སྟེང་དཔྱད་གཞིའི་ཡིག་ཆ་དང་རྒྱུ་ཆ་འཚོལ་བསྡུ་བྱས་ནས་མིང་ཚིག་གསོག་སྡུད་བྱས་ཤིང་། བོད་ཡིག་ཀ་མད་སུམ་ཅུའི་གོ་རིམ་ལྟར་བསྒྲིགས་ཏེ། 2013ལོའི་ལོ་མགོར《བོད་ཡིག་ཀུན་ཁྱབ་མིང་མཛོད》ཀྱི་མ་ཟིན་ཕལ་ཆེར་ལེགས་པར་གྲུབ། 

《བོད་ཡིག་ཀུན་ཁྱབ་མིང་མཛོད》ཀྱི་ཕྱག་བྲིས།

《བོད་ཡིག་ཀུན་ཁྱབ་མིང་མཛོད》ཀྱི་ཕྱག་བྲིས།

 《བོད་ཡིག་ཀུན་ཁྱབ་མིང་མཛོད》དང་དེའི་ཕྱག་བྲིས། 

《བོད་ཡིག་ཀུན་ཁྱབ་མིང་མཛོད》དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་བདེ་ལུང་དཔར་ཁང་གིས་ཕབ་འཇུག་དང་པར་སྒྲིག་བྱས་ལ། ཕབ་འཇུག་བྱས་ཚར་དུས་མིང་མཛོད་ལ་བསྡོམས་པས་ཤོག་གྲངས2200ལྷག་དང་མིང་ཚིག57000ལྷག བསྡོམས་པས་ཡིག་འབྲུ་ཁྲི176ལྷག་ཡོད། 

2018ལོའི་ལོ་མཇུག་ཏུ། ལོ་མང་རིང་གི་ངལ་རྩོལ་གྱི་འབྲས་བུ་དང་བློ་གྲོས་ཀྱི་ཉིང་བཅུད་འདུས་པའི《བོད་ཡིག་ཀུན་ཁྱབ་མིང་མཛོད》དེ་དངོས་སུ་ཀློག་པ་པོ་དང་མཇལ། མིང་ཚིག་དང་རིག་གནས་ཀུན་འདུས་རང་བཞིན་གྱི་བོད་རྒྱ་ཤན་སྦྱར་གྱི་མིང་མཛོད་ཆེན་པོ་འདི་སྲོལ་རྒྱུན་གྱི་མིང་ཚིག་གི་རྨང་གཞིའི་སྟེང་ནས་གསུམ་ཆའི་གཅིག་ཙམ་གྱི་མིང་ཚིག་གསར་བ་འདུས་པ་དང་། མིག་སྔའི་བར་བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཡོངས་ཁྱབ་དང་ཆེས་དབང་གྲགས་ལྡན་པའི་བོད་ཡིག་གི་མིང་མཛོད་ཅིག་ཡིན། བེད་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ཆེ་བས་ལོ་ཙཱའི་ལས་སུ་འཇུག་མཁན་རྣམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། སྐབས་ལྔ་བའི་ཀྲུང་གོའི་པར་སྐྲུན་སྲིད་གཞུང་བྱ་དགའ་ཐོག 《བོད་ཡིག་ཀུན་ཁྱབ་མིང་མཛོད》ལ་དཔེ་དེབ་བྱ་དགའ་ཐོབ། 

 《བོད་ཡིག་ཀུན་ཁྱབ་མིང་མཛོད》ལ་བྱ་དགའ་ཐོབ་པ། དཔའ་རིས་སངས་རྒྱས།(གཡས) 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།