པཎ་ཆེན་རིན་པོ་ཆེས་ཀན་སུའུ་རུ་བརྟག་དཔྱད་ཞིབ་འཇུག་གནང་།

ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀན་སུའུ་རུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་འབྲེལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

“སྔོན་ཆད་ང་ཡང་འབྲོག་པ་ཞིག་ཡིན། སྔོན་ཆད་འབྲོག་པའི་འཚོ་བ་ནི་ཉེན་ཁ་ཤིན་ཏུ་ཆེ་ཞིང་འགན་ལེན་མེད་པ་ཞིག་ཡིན་པ་ངས་ཤེས་ཡོད”ཅེས་བཤད། ཟླ་7ཚེས་24ཉིན་པཎ་ཆེན་རིན་པོ་ཆེ་ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ་བཀྲ་ཤིས་གཞིས་ཀར་ཕེབས་སྐབས་འབྲོག་པའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་གུ་རུ་བཀྲ་ཤིས་དང་མཉམ་དུ་བཞུགས་ནས་འཚོ་བའི་སྐོར་གླེང་།

1.jpg

པན་ཆེཎ་གྱིས་གུ་རུ་བཀྲ་ཤིས་དང་གླེང་མོལ་བྱེད་བཞིན་པ། 

གུ་རུ་བཀྲ་ཤིས་ཀྱི་སྒོ་རའི་ནང་མགྲོན་ཁང་གི་སྒེའུ་ཁུང་གཙང་མ་ཞིང་སྒོ་རའི་ནང་རྐུབ་སྟེགས་བསྒྲིགས་ནས་མགྲོན་པོ་རྣམས་ལ་ཁ་བརྡ་བྱེད་པར་འདུག་སྟེགས་མཁོ་འདོན་བྱས་ཡོད། གླེང་མོལ་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀ་ཤུལ་གྲོང་ཚོས་རྩྭ་ཐང་གི་གུར་དང་འབྲོག་པའི་གཞིས་ཀ་རྩེ་གྲ་གཙོ་བོར་བྱས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་བཏོད་པས་ཁོར་ཡུག་སྔར་ལས་ལེགས་ལ་གྲོང་མིའི་ཡོང་འབབ་ཀྱང་སྔར་ལས་མང་དུ་ཕྱིན་ཡོད་པ་རེད། 2020ལོར་གུ་རུ་བཀྲ་ཤིས་ཀྱིས་འབྲོག་པའི་གཞིས་ཀ་གཉེར་སྐྱོང་བྱས་པའི་ཡོང་འབབ་སྒོར་ཁྲི་3ཟིན་ཡོད་པ་རེད།

པཎ་ཆེན་རིན་པོ་ཆེས“ད་ཆ་ཏང་གི་སྲིད་ཇུས་བཟང་པོ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན། ཁྱེད་ཚོ་རང་ཉིད་ཀྱིས་ལག་གཉིས་ཀར་བརྟེན་ནས་འབད་བརྩོན་བྱས་པ་བརྒྱུད་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་ཡོད་པས་དེ་ནི་ལས་སླ་མོར་བྱུང་བ་ཞིག་མིན། ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་དགོས། ཏང་གི་སྲིད་ཇུས་བཟང་པོ་འདི་འདྲ་མེད་ན་དབེན་ལུང་དང་གནམ་གཤིས་ཞན་པ། ཁོར་ཡུག་ཞན་པ་བཅས་ཀྱི་མཚོ་བོད་ས་མཐོར་འདི་འདྲའི་ཡུན་རིང་བའི་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་འདྲ་ཡག་པོ་ཞིག་ཡོད་དཀའ་མོ་རེད། སྡོད་ཁང་དང་སྨན་བཅོས། སློབ་གསོ། འཕྲོད་བསྟེན། འགྲིམ་འགྲུལ་སོགས་ཚུད་པའི་ཕྱོགས་དེ་དག་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

2.jpg

དད་ལྡན་མང་ཚོགས་ཀྱིས་ལམ་འགྲམ་དུ་པཎ་ཆེན་བསུ་བ་ཞུ་བཞིན་པ། 

2003ལོ་དང་2010ལོར། པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་ཐེངས་གཉིས་གནང་མྱོང་ཡོད། སླར་ཡང་ཀན་ལྷོར་འབྱོར་སྐབས་ལམ་བར་དུ་དད་ལྡན་མང་ཚོགས་དང་རྟག་ཏུ་འཕྲད་ཀྱི་ཡོད་པ་དང་། དཔུང་ཁག་དེར་སྤྱིར་ན་སྨི་བརྒྱ་ཕྲག་དང་ཐ་ན་སྟོང་ཕྲག་ཁ་ཤས་ལས་མེད་པའི་ནང་ས་ཆ་གཞན་ནས་ཆེད་མངགས་ཡོང་བའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་མང་པོ་ཡོད་པ་རེད། དད་ལྡན་མང་ཚོགས་ཀྱི་དཔུང་ཁག་དང་འཕྲད་ཐེངས་རེར་པཎ་ཆེན་རིན་པོ་ཆེས་རླངས་འཁོར་དལ་བགྲོད་དམ་ཡང་ན་སྒེའུ་ཁུང་ཕྱེ་བའམ་ཡང་ན་རླངས་འཁོར་ནས་བབས་ཏེ་དད་ལྡན་མང་ཚོགས་ལ་འཛུམ་དམུལ་དམུལ་ངང་ཕྱག་གཡུག་གཡུག་གནང་བ་རེད།

3.jpg

པཎ་ཆེན་ལ་བསུ་བ་ཞུ་བའི་རྟ་གྲལ།

ཀན་ལྷོ་ཁུལ་དུ་བཞུགས་རིང་པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་དཔལ་ཤེས་སྟེང་ཁ་དགོན། བེ་ཤིང་དགོན། ཤིས་ཚང་དགོན། ཁོ་ཚེ་དགོན་བདེ་ལྡན་ཆོས་འཁོར་གླིང་། བླ་བྲང་བཀྲ་ཤིས་དགོན་སོགས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཕེབས་པ་རེད། ས་ཆ་གང་དང་གང་དུ་སླེབས་ཚེ་ས་གནས་དེ་གའི་གྲྭ་དམངས་རྣམས་ཀྱིས་གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་བསུ་བ་ཞུ་གི་ཡོད། དེ་དང་དུས་མཚུངས་པཎ་ཆེན་རིན་པོ་ཆེ་ཀན་སུའུ་རུ་བཞུགས་རིང་བསྙེན་བཀུར་འབྱོར་གནང་བ་མཐའ་དག་ཀྱང་ས་གནས་དེ་གར་བཞག་གནང་བ་རེད།

4.jpg

པན་ཆེན་རིན་པོ་ཆེས་དགེ་འདུན་ཚོར་ཕྱག་དབང་གནང་བཞིན་པ། 

བརྟག་ཞིབ་གནང་རིང་པཎ་ཆེན་རིན་པོ་ཆེས་ཧོ་ནན་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་མཁྱེན་རྗེས་ཐུགས་སྐྱོ་ཆེན་པོ་བྱུང་ཞིང་ཟླ་7ཚེས་28ཉིན་འཚོགས་པའི་དབང་བསྐུར་ཁྲིམས་ཀྱི་ཚོགས་འདུའི་ཐོག་དགེ་འདུན་པ་སྟོང་ཕྲག་དང་མཉམ་དུ་ཧོ་ནན་གྱི་གནོད་འཚེ་ཕོག་ཁུལ་ལ་སྨོན་ལམ་བསྐྱོན་པ་མ་ཟད། མི་སྒེར་གྱི་མིང་ཐོག་ནས་ཞལ་འདེབས་ཀྱང་ཕུལ་བ་རེད། ཧོ་ནན་ལ་བྱུང་བའི་གནོད་འཚེ་སྔ་ཙམ་སེལ་ཐུབ་པའི་སྨོན་ལམ་འདེབས་པ་དང་། རིམས་ནད་སྔ་ཙམ་མེད་པར་བཟོ་ཐུབ་པའི་སྨོན་འདུན་ཞུས་པ་དང་། ཀྲུང་ཧྭ་རྒྱལ་ཁབ་ཀྱི་ལས་དབང་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ཡོང་བའི་སྨོན་འདུན་ཞུས་པ་རེད།

5.jpg

པཎ་ཆེན་གྱིས་ཆོས་ཚོགས་ཐོག་གཡང་གསོལ་ཞུ་བ།

པཎ་ཆེན་རིན་པོ་ཆེས་བྱ་སྤྱོད་དེ་བརྒྱུད་བོད་བརྒྱུད་ནང་བསྟན་ལས་རིགས་དང་ལྷག་པར་དུ་ན་གཞོན་སྤྲུལ་སྐུ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དེ་བས་མང་བ་སྤྱི་ཚོགས་ཀྱི་སྤྱི་ཕན་ནང་ཞུགས་ནས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་རང་ཉིད་ཀྱི་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

དུས་མཚུངས། པཎ་ཆེན་རིན་པོ་ཆེས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པ་དེའང་ཀྲུང་ཧྭ་མི་རིགས་ཧྲིལ་པོ་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ཚེ་ད་ཆའི་ཀྲུང་གོ་ཡང་མེད། ད་ཆའི་ང་ཚོ་མི་རིགས་ཁག་གི་མི་སེར་གྱི་བདེ་སྐྱིད་འཚོ་བ་མེད། ད་ཆའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བརྟན་ལྷིང་འཆམ་མཐུན་གྱི་འཕེལ་རྒྱས་ཆ་རྐྱེན་ཡང་མེད། དེའི་ཐད་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

བསང་ཆུ་རྫོང་དང་ལན་ཀྲོའུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་རིང། པན་ཆེན་གྱིས་ད་དུང་ཁག་དབྱེ་ནས་ས་གནས་དེ་གའི་དབྱི་སི་ལན་ཆོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད། ཆོས་ལུགས་དེ་གཉིས་ཀ་ནི་ཕྱི་ཕྱོགས་ནས་ཡོང་བའི་ཆོས་ལུགས་ཡིན་ཞིང་། ཡུན་རིང་གི་ལོ་རྒྱུས་ཁྲོད་མུ་མཐུད་ཀྲུང་གོའི་སྤྱི་ཚོགས་དང་འཚམ་པ་བྱས་པ་མ་ཟད། རིམ་བཞིན་ངང་ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། 

6.jpg

བླ་བྲང་དགོན་དུ་པན་ཆེན་རིན་པོ་ཆེས་དབྱི་སི་ལན་ཆོས་ལུགས་ཀྱི་འཐུས་མི་དང་མཉམ་པར་བསྐྱོན་པ། 

དབྱི་སི་ལན་ཆོས་ལུགས་ཀྱི་འཐུས་མི་དང་སྤེལ་རེས་གནང་སྐབས་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ང་ཚོ་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཁྱིམ་གཞིས་བསྐྲུན་ཏེ་ད་ཆའི་ཀྲུང་གོའི་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཏོད་ཡོད་པ་དང་། དེའི་ནང་རྒྱལ་གཅེས་ཆོས་གཅེས་མི་སྣ་རྒན་རབས་ཚོས་སེམས་ནུས་ཡོད་རྒུ་འདོན་པ་དང་ཀྲུང་གོའི་གསར་བརྗེ་དང་། བསྒྱུར་བཅོས། འཛུགས་སྐྲུན་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའང་ཡོད་ཅེས་གསུངས་པ་རེད། 

པཎ་ཆེན་རིན་པོ་ཆེས་ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྒྱལ་སྐྱོང་དམངས་ཕན་གྱི་འགན་འཁྲི་ཁུར་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་འབུལ་དགོས་པ་དང་། མི་རིགས་56གི་མི་དམངས་འཆམ་མཐུན་ཡོང་བ་དང་མེས་རྒྱལ་སྟོབས་ཆེར་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།