མཐུན་པའི་ཨ་ལོང་བརྟན་ན། རང་བྱུང་འཇིག་པར་མི་སྐྲག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། གཙོས་གྲོང་ཁྱེར་གནམ་གཤིས་ཅུའུ་དང་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་མ་འོངས་བའི་ཆུ་ཚོད6རིང་གི་གཙོས་གྲོང་ཁྱེར་གྱི་ས་ཆ་ཁ་ཤས་ལ་ཆུ་ཚོད་གཅིག་གི་རིང་ཧའོ་སྨི20ལས་བརྒལ་བ་དང་ཆུ་ཚོད2རིང་ལ་ཧའོ་སྨི30ལས་བརྒལ་བའི་ཆར་ཆུ་འབབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་། 

ཉིན་གུང་གི་ཆུ་ཚོད13སྐབས་སུ། ཁ་རྒྱ་སྟོད་ཀྱི་སྡེ་བ་ཁ་ཤས་སུ་དྲག་ཆར་བབས་ཏེ་ཆུ་ལོག་རྒྱུག་པ་དང་། འདམ་རྫོབ་དང་ཆུ་རྙོག་སྡེ་བའི་ནང་དང་ས་ཞིང་ནང་དུ་རྒྱུག་པས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དང་ཞིང་སར་ཚད་མི་འདྲ་བའི་གནོད་འཚེ་ཕོག གནོད་འཚེ་བྱུང་འཕྲལ་དུ། ཤང་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཞོད་འགོག་གནོད་སེལ་གྱི་འཕྲལ་བསྟུན་སྔོན་འགོག་གི་འཆར་གཞི་ལག་བསྟར་བྱས་པ་དང་། ཞོད་འགོག་གནོད་སྐྱོབ་མི་སྣ་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་པར་མངགས། འཆར་གཞི་ལྟར་མི་དམངས་མང་ཚོགས་བདེ་འཇགས་གནས་སུ་གནས་སྤོར་བྱས་པ་དང་། འཕྲལ་བསྟུན་གནོད་སྐྱོབ་རུ་ཁག་གནོད་འཚེ་ཕོག་པའི་ཁྱིམ་ཚང་དུ་སོང་ནས་རུ་ཁག་ལྟར་འདམ་བག་དང་ཆུ་རྙོག་གཙང་དག་བྱས། 

ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་བློ་ཤུགས་གཅིག་བསྡུས་ཀྱིས་གནོད་སེལ་རྒུད་སྐྱོབ་བྱས་པ་བརྒྱུད། མིག་སྔར། ལམ་ངོས་དང་ཁང་བའི་ནང་གི་འདམ་བག་གཙང་དག་བྱས་ཡོད་པ་དང་། མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད། བརྟག་བཤེར་བྱས་པ་བརྒྱུད། ཐེངས་འདིའི་ཆུ་ལོག་ཁྲོད་སྡེ་བ་ལྔ་ལ་གནོད་འཚེ་ཕོག་པ་དང་། སྒོར་ཁྲི30ལྷག་གི་གྱོང་ཕོག་ཡོད། བསྡོམས་པས་ལས་བྱེད་པ་དང་མང་ཚོགས80ལྷག་ཐེངས་འདིའི་གནོད་སྐྱོབ་ལས་འགུལ་ཁྲོད་ཞུགས་ཡོད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།