པར་འདི་ནི་རྨ་ཆུ་རྫོང་གི་མཛེས་ལྗོངས་རེད།
པར་འདི་ནི་ཟླ6པའི་ཚེས30ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཡུལ་དངོས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་ཆུ་ཤུགས་གློག་ཁང་གསར་བ་ཅི་ཡང་འཛུགས་སྐྲུན་བྱས་མ་མྱོང་ལ། གཏེར་རི་གཅིག་ཀྱང་གསར་སྤེལ་བྱས་མེད་པར། ཆུ་བོའང་གཅིག་ཀྱང་འབག་བཙོག་བཟོས་མེད་པ་རེད། 'ཁོར་ཡུག་གསར་བརྗེ'སྤེལ་བ་ནས་བཟུང་། ད་ལོར་ཡང‘གནོད་མེད་ལྔ་ཡི་ཀན་ལྷོ’ཞེས་པའི་གསར་འཛུགས་འགུལ་སྐྱོད་མགོ་བརྩམས་ཏེ་རྒྱུན་མཐུད་ངང‘ཁོར་ཡུག་གསར་བརྗེ’ཡི་ཟོང་རྟགས་ཀྱི་ཕན་ནུས་ཆེ་རུ་བཏང་བ་ཡིན”ཞེས་ཟླ6པའི་ཚེས30ཉིན་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡོན་གྱིས་དེ་ལྟར་བཤད།
ཟླ6པའི་ཚེས30ཉིན་ཀྲུང་གུང་ཀན་སུའུ་ཞིང་ཆེན་ཏང་ཨུ་ཡིས་ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ(ཀན་ལྷོའི་ཆེད་དོན་ཚོགས་འདུ)འཚོགས་པ་རེད།
ཀན་ལྷོའི་རྨ་ཆུའི་འབབ་རྒྱུད་ཁྲོད་རྨ་ཆུ་དང་ཀླུ་ཆུ། བསང་ཆུ། ཅོ་ནེ། བ་ཙེ། གཙོས་བཅས་ཀྱི་རྫོང5དང་གྲོང་ཁྱེར1ཚུད་ཡོད་ལ། རྨ་ཆུའི་ཆུ་རྒྱུན་དེ་རྨ་ཆུའི་མངའ་ཁོངས་སུ་རིང་ཚད་ལ་སྤྱི་ལེ433ཟིན་པས“རྨ་ཆུའི་ཆུ་མཛོད”ཅེས་པའི་མཚན་སྙན་ལྡན།
ཀྲའོ་ལིན་ཡོན་གྱིས་བཤད་རྒྱུར། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་དང་རྨ་ཆུའི་རིག་གནས་འཛུགས་སྐྲུན་སོགས་ཚུད་པའི་མཚོན་རྟགས་རང་བཞིན་ལྡན་པ་དང་སྣེ་ཁྲིད་རང་བཞིན་ལྡན་པའི་བཟོ་སྐྲུན་ཁག་ཅིག་ཇུས་འགོད་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཕྱོགས་ནས། ཀན་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་བཏང་ནས། འབྲོག་ཁྱིམ་ཁྲི1.45ཙམ་གཞིས་ཆགས་པར་མངོན་འགྱུར་བྱུང་བ་དང་། ཨ་བྲའི་གནོད་འཚེ་ཐེབས་པའི་རྩྭ་ས་མུའུ་ཁྲི1573.5དང་འཁོར་རྒྱུག་བྱེ་སྒང་མུའུ་ཁྲི3.55 ། བྱེ་འགྱུར་རྩྭ་ས་མུའུ་ཁྲི10.69 ། ཞན་འགྱུར་རྩྭ་ས་མུའུ116བཅས་ལ་བཅོས་སྐྱོང་བྱས་པ་བརྒྱུད་ཕྱུགས་རིགས་ཤོང་ཚད་ལས་བརྒལ་བའི་མགོ་གྲངས་ཁྲི92.4ཙམ་ཉུང་དུ་ཕྱིན། ཐོན་ལས་ཕྱོགས་ནས། དེང་རབས་ཞིང་ཕྱུགས་ལས་རིགས་དང་རིག་གནས་ཡུལ་སྐོར་ལས་རིགས་བཅས་ཀྱི་ཐོན་ལས་ཆེ་གྲས་གཉིས་དང་། ཀྲུང་བོད་ལུགས་ཀྱི་སྨན་རྫས། ནུས་ཁུངས་གཙང་མ། བགྲོད་ལམ་ཟོག་འགྲེམས། གཞི་གྲངས་ཆ་འཕྲིན་སོགས་ཀྱི་ཐོན་ལས་ཕན་ཚུན་ཁ་གསབ་ཀྱི་སྐྱེ་ཁམས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་བསྣན་པ་རེད།
ད་ལོར“མ་ཡུམ་ཆུ་བོའི་འབྱུང་ཁུངས་སྲུང་སྐྱོང་དང་། ‘གནོད་མེད་ལྔ་ཡི་ཀན་ལྷོ’ལ་སྐུལ་འདེད”ཅེས་པའི་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་མགོ་ཚུགས་པའི་ཚུན། རྨ་ཆུ་རྫོང་དངུལ་རྭ་ཤང་གི་ཏང་ཡོན་སྒྲོལ་མ་རྒྱལ་གྱིས་ཏང་ཡོན་དང་བླངས་རུ་ཁག་གི་རུ་མི་རྣམས་ཁྲིད་དེ་རྨ་ཆུའི་ཆུ་རྒྱུན་བརྒྱུད་དེ་རྐང་ཐང་དུ་སྤྱི་ལེ400སྐྱོད་ནས་གད་སྙིགས་ཏུན60ལྷག་གཙང་སེལ་བྱས།
“ཚོགས་ཆེན་ཐེངས་བཅོ་བརྒྱད་པ”སླེབས་པའི་ཚུན། ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་། བྱེ་མའི་བཅོས་སྐྱོང་ཐད་སྐུལ་འདེད་བཏང་སྟེ་སྔ་གཞུག་ཏུ་སྒོར་དུང་ཕྱུར100བཏང་ནས་རྨོ་སྐྱུར་ནགས་གསོ་དང་། རང་བྱུང་ནགས་ར་སྲུང་སྐྱོང་། བརླན་ས་སླར་གསོ། ས་ཆུ་སྲུང་འཛིན་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལས་གཞི་གསར་བ་སྐོར་ཞིག་ལག་བསྟར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་གཙོ་བོར་བཟུང་ནས་ཐབས་མང་སྤྱད་དེ“ཁོར་ཡུག་གསར་བརྗེ”བྱས།