ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ39ཡི་གྲུབ་པའི་ཁྱིམ་ཚང་ཞིག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ6ལ་སོན་པའི་བཀྲ་ཤིས་རྣམ་རྒྱལ་གྱིས་བྱིས་གཉོར་ཁང་དུ་ཐེངས་དང་པོར་སློབ་གྲོགས38དང་མཉམ་དུ། བོད་ལྭ་གྱོན་ནས་གླུ་ལེན་གར་འཁྲབ་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བ་དང་། དྭངས་ཤིང་གཙང་བའི་དགའ་སྤྲོའི་སྐད་སྒྲ་དེ་དགོན་པའི་བྱིས་གཉོར་ཁང་ནས་མཆེད་དེ་ཕྱི་རོལ་རྩྭ་ཐང་གི་མཁའ་དབྱིངས་སུ་ཁྱབ།

བཀྲ་ཤིས་རྣམ་རྒྱལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་སྟག་ཚང་ལྷ་མོ་གྲོང་རྡལ་དགོན་པ་སྡེ་བའི་ཡིན། སྔོན་ཆད་རྩྭ་ཐང་གི་བྱིས་པ་རྣམས་ནི་རྩྭ་ཐང་ནས་འཚར་ལོངས་བྱུང་བ་ཡིན་ལ། ས་གནས་སུ་བྱིས་གཉོར་ཁང་མེད་པས་ཁོ་ཚོའི་བྱིས་དུས་ཀྱི་འཚོ་བ་ཕལ་ཆེ་བ་ནི་རྩེད་འཇོ་རོལ་བ་དང་ཕྱུགས་འཚོ་བ། ལྕི་བ་འཐུ་བ་སོགས་ལས་བདའ་བ་ཡིན་ཞིང་། སློབ་ཆུང་གི་སྒོ་ཐེམ་འགྲིམས་ནས་ད་གཟོད་ཐུན་མོང་གི་འཚོ་བ་རོལ་མགོ་བརྩམས་པ་ཡིན།

སློབ་སྔོན་སློབ་གསོའི་བར་བརྒལ་དེ་མེད་པས་རྩྭ་ཐང་སྟེང་འཁྱམ་ལོབས་སུ་གྱུར་བའི་བྱིས་པ་རྣམས་ནི་རང་དབང་ལ་གོམས་དྲག་པའི་དུས་མཚུངས་སུ། སློབ་གྲྭར་འགྲིམས་རྗེས་དཀའ་ངལ་གང་མང་ལ་འཕྲད་ཡོད་པ་སྟེ། སྒྲིག་ལམ་རང་བཞིན་ཞན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་དཀའ་བ། བྱིས་པ་ཕལ་ཆེ་བ་ནི་ཁ་གྲགས་རྒྱུར་མི་དགའ་ཞིང་མི་གཞན་དང་འབྲེལ་འདྲིས་མི་བྱེད།

1.jpg

པར་འདི་ནི་བཀྲ་ཤིས་རྣམ་རྒྱལ་གྱིས་མདོ་འཛིན་བྱེད་བཞིན་པའི་ཚུལ་རེད།

བཀྲ་ཤིས་རྣམ་རྒྱལ་གྱི་འགྱུར་ལྡོག་ནི་ན་ནིང་ནས་མགོ་བརྩམས་པ་ཡིན་ཏེ། རང་ཁྱིམ་དང་བར་ཐག་ལེ་དབར་འགའ་ཡོད་པའི་དགོན་པ་སྡེ་བའི་བྱིས་གཉོར་ཁང་ཐོག་མ་གྲུབ་རྗེས། དགའ་སྤྲོ་དང་རེ་འདུན་བཅངས་ནས་ཁོ་རང་ཡང་བྱིས་གཉོར་ཁང་གི་སློབ་གྲོགས་སྐོར་ཐེངས་དང་པོར་གྱུར། 

2.jpg

དགོན་པ་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་རྣམས།

ཚན་རིག་དང་བདེ་ཐང་། སྒྱུ་རྩལ་སོགས་རིགས་སྣ་མང་བའི་བསླབ་ཚན་གྱིས་བཀྲ་ཤིས་རྣམ་རྒྱལ་གྱི་བྱིས་དུས་ཀྱི་འཚོ་བར་ཁ་དོག་གསར་བ་ཞིག་བསྣན་ཞིང་། ཁོ་རང་ཆེས་དགའ་ས་ནི་ལག་ཤེས་སློབ་ཁྲིད་ཡིན་ཏེ། གྲོགས་པོ་ཆུང་ཆུང་རྣམས་དང་མཉམ་དུ་ཚོན་སྨྱུག་དང་ལག་ཆ་བཟུང་ནས་ལག་ཟུང་ཆུང་ངུས་ཁང་བ་དང་སྟག་ཕྲུག ཞྭ་མོ་སོགས་ཀྱི་རྩེད་ཆས་སྣ་ཚོགས་བཟོས་པ་རེད།

ལོ་གཅིག་གི་དུས་ཚོད་ནང་། འགྱུར་ལྡོག་ནི་བྱིས་པ39ཡི་སྟེང་འཇམ་ཐིང་ཐིང་ངང་བྱུང་ཡོད་དེ། རུ་གྲལ་མི་སྒྲིག་པ་ནས་དྲུག་གཅིག་གི་རིག་རྩལ་འཁྲབ་སྟོན་ལ་མགོ་འཛིན་བྱེད་པ་དང་། སློབ་ཁྲིད་སྟེང་རང་དགར་སྐད་ཅོར་རྒྱག་པ་ནས་ཚང་མས་མགྲིན་གཅིག་ཏུ“མིག་ཟུང་རྣོན་པས་དགེན་ལགས་ལ་ལྟ”ཞེས་དལ་ཅག་གེར་འདུག་པ། རྒྱུས་མེད་མི་མཐོང་ན་སྐྲག་པ་ནས་རང་འགུལ་གྱིས་མི་གཞན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་འགྱུར་ལྡོག་ནི་བྱིས་པ་རེ་རེའི་ལུས་སེམས་སུ་ཟུག་ཡོད།

3.jpg

ཁྱིམ་བདག་དང་སློབ་མའི་མཉམ་འགུལ་རོལ་རྩེད།

ད་ལོའི་དྲུག་གཅིག་བྱ་འགུལ་སྟེང་། དགོན་པ་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་རྣམས་ཀྱིས་བོད་རིགས་ཀྱི་གླུ་གར་དང་། རྒྱའི《ཡིག་གསུམ་མདོ》གྱེར་འདོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས། བུ་ཆུང་རྣམས་ཀྱིས་ལུས་ལ་བོད་ལྭ་དང་མགོ་ལ་ཕྱིང་ཞྭ་གྱོན་ནས་དགའ་སྤྲོའི་སྐོར་བྲོ་འཁྲབ་ལ། བུ་མོ་རྣམས་ཀྱིས་ལུས་ལ་རྒྱན་གོས་སྤྲས་ནས་མགོ་ལ་ལན་ཕྲུག་བསླས་ཤིང་། སྐེད་ཀྱི་དངུལ་གྱི་བཞོ་ལུང་ནི་སིལ་སྒྲ་སྒྲོགས། ཕ་བུའི་མཉམ་འགུལ་རོལ་རྩེད་ཀྱིས་ཀུན་ལ་གད་མོ་བསླངས་པ་དང་། སྒྲོམ་སྐྱོར་ཕྱིའི་ཨ་མ་རྒན་མོའི་མིག་གི་དབང་བོ་ནི་ཅིག་ཅར་ཏུ་འཕྲོགས།

4.jpg

རོལ་རྩེད་རྗེས་ཀྱི་བྱིས་པའི་གདོང་ལ་སྦྱར་ཤོག་གིས་ཁེངས་པ།

འདི་ནི་བཀྲ་ཤིས་རྣམ་རྒྱལ་གྱི་ཆེས་དགའ་སྤྲོའི་ཉིན་མོའང་ཡིན་པས། ཁོས“ངས་དེ་རིང་གླུ་བླངས་པ་མ་ཟད་གར་ཡང་འཁྲབ་པ་ཡིན་ལ། ད་རུང་མགོ་འཛིན་བྱས་ཏེ་ཚང་མར་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན”ཟེར། 

"བཀྲ་ཤིས་རྣམ་རྒྱལ་བྱིས་གཉོར་ཁང་དུ་ཐོག་མར་སླེབས་དུས་རྒྱ་སྐད་བཤད་མི་ཤེས་ལ། ད་ལྟ་ཁོར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་རྒྱ་སྐད་ཡང་བཤད་ཤེས། ཕྱོགས་སོ་སོའི་འཕེལ་རྒྱས་ཧ་ཅང་མགྱོགས་པས་ཁོ་ནི་འཛིན་གྲྭ་ནང་གི་འགན་ཁུར་བར་གྱུར་ཡོད"ཞེས་དགེ་རྒན་ལི་ཧྲི་ཞ་ཡིས་བཤད།

ཁོའི་ཨ་མའི་སེམས་སུ་བཀྲ་ཤིས་རྣམ་རྒྱལ་བྱིས་གཉོར་ཁང་དུ་སོང་རྗེས་བུ་ཆུང་ལ་འགྱུར་ལྡོག་གང་མང་བྱུང་ཡོད་པར་འདོད་ཡོད། “ཁོ་མགོ་འཛིན་པ་ཡིན་ཞེས་བཤད་དུས་ང་ལ་སེམས་ཁུར་སྐྱེས་བྱུང་བ་དང་། ཁོས་སྐད་ཆ་འཆུགས་འགྲོ་བར་སྐྲག་མྱོང་། འོན་ཀྱང་ད་ལྟ་ཁོའི་མགོ་འཛིན་བདེ་བླག་ཡིན་པ་མཐོང་དུས་ང་ལའང་དགའ་སྤྲོད་ཚད་མེད་སྐྱེས་ཡོང”ཟེར།

5.jpg

བཀྲ་ཤིས་རྣམ་རྒྱལ་གྱིས་དགེ་རྒན་དང་བརྗེ་རེས་བྱེད་བཞིན་པ།

བྱིས་པ་རྣམས་ཀྱི་གོང་འཕེལ་དང་དགའ་སྤྲོའི་དགོད་སྒྲས་ཁེངས་པའི་སློབ་ཁང་། སློབ་ཡོན་མེད་ལ་ཉིན་མ་རེར་འདོན་སྤྲོད་བྱེད་པའི་བཅུད་ལྡན་ཟས་རིགས། སློབ་སྔོན་སློབ་གསོའི་ཆེད་ལས་དགེ་རྒན་སོགས་ནི་དགོན་པ་བྱིས་པ་གཉོར་ཁང་གི་སློབ་བསྡུའི་བརྡ་ཐོ་ལེགས་ཤོས་སུ་གྱུར་ཡོད།

ཐོག་མར་སློབ་མ་བསྡུ་དུས་དཀའ་ངལ་ཅུང་ཆེ་བ་དང་། ཁྱིམ་བདག་ཁ་ཤས་ཤིག་གིས་བྱིས་པ་རྩེད་འཇོར་གོམས་ལོབས་སུ་གྱུར་ཡོད་པས་ངུ་སྐད་ཤུབ་ཤུབ་ཀྱིས་བྱིས་གཉོར་ཁང་དུ་བསྐྱལ་ན་སེམས་མི་བདེ་བར་འདོད་ལ། བྱིས་པ་སྐོར་འདི་ཡོང་རྗེས། ཁྱིམ་བདག་གིས་ད་གཟོད་བྱིས་གཉོར་ཁང་གི་བཟང་ཆ་རྟོགས་པ་དང་། ཁྱིམ་བདག་ཁ་ཤས་ཀྱིས་ས་ཆ་གཞན་ནས་བྱིས་པ་འདི་རུ་བསྐྱལ་ཡོང་ཡོད་ཞེས་མགོ་གཙོ་རྡོ་རྗེ་རྒྱལ་གྱིས་བཤད།

ཀླུ་ཆུ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆོས་རྒྱལ་རྡོ་རྗེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་བསྟུད་མར་སློབ་གསོའི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་བསྟུན། འབྲོག་ཁུལ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀླུ་ཆུ་རྫོང་ལ2010ལོར་བྱིས་གཉོར་ཁང2ནས་ད་ལྟ་བྱིས་གཉོར་ཁང30ཡོད་པ་དང་། སློབ་སྔོན་བྱིས་པ་བྱིས་གཉོར་ཁང་དུ་འཇུག་ཚད96%ལ་སླེབས་ཤིང་། དེའི་ནང་ཤང་སྡེའི་བྱིས་གཉོར་ཁང28ཡོད་ཟེར།

སྤྲིན་དཀར་གྱི་འདབ་མའི་འོག སྔོ་ལྗང་གི་རྩྭ་ཐང་སྟེང་། སྤྲོ་སྐྱིད་ཀྱི་བྱིས་གཉོར་ཁང་འདི་ནི། མཚར་སྡུག་གི་བྱིས་དུས་ཀྱི་འབྱུང་ཡུལ་ཡིན་ལ། ཡང་ཅིག་བཤད་ན་བྱིས་པ39ཡི་ཚེ་གང་གི་ལོངས་སྤྱོད་ཡིན་ཡང་སྲིད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།