བསང་ཆུ་རྫོང་གིས་ཕྱོགས་ཡོངས་ནས་ནང་འདྲེན་འཁྱགས་ཟས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ནང་འདྲེན་འཁྱགས་ཟས་རིགས་ལ་པྲོག་གསར་ནད་དུག་འགོས་པའི་ཉེན་ཁ་སྔོན་འགོག་བྱ་ཆེད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཚོང་ར་ལྟ་སྐུལ་ཅུའུ་ཡིས་སྔོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་ནང་འདྲེན་འཁྱགས་ཟས་རིགས་ལ་ལྟ་སྐུལ་བྱེད་པའི་བྱེད་ཐབས་སྔར་བས་ཚགས་དམ་དུ་བཏང་སྟེ། རྫོང་ཡོངས་ཀྱི་མངའ་ཁོངས་སུ་ནང་འདྲེན་འཁྱགས་ཟས་རིགས་ལ་ཆ་ཚང་ཅན་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ནས་དོན་དངོས་བྱ་སྤྱོད་ཀྱིས་རིམས་ནད་ཀྱི་འགག་སྒོ་སྲ་བརྟན་དུ་བཏང་བ་རེད།

བསང་ཆུ་རྫོང་གིས་ནང་འདྲེན་འཁྱགས་ཟས་ལས་ཤ་རིགས་གཙོར་བཟུང་སྟེ། ཁོངས་གཏོགས་ཀྱི་ནང་འདྲེན་འཁྱགས་ཟས་ལས་ཤ་རིགས་ཕྱིར་འཚོང་གི་ཁེ་ལས་དང་ཟ་ཁང་། རང་འདེམས་ཚོང་ཁང་ཆེན་པོ་སོགས་ཀྱི་ས་གནས་གཙོ་གནད་དུ་བཟུང་ཞིང་། ནང་འདྲེན་འཁྱགས་ཟས་རིགས་ཀྱི་ལས་ཀ་གཉེར་བཞིན་པའི་མི་སྣ་དམིགས་སུ་ཕྱེས་ནས་ཁོངས་གཏོགས་ཀྱི་འཁྱགས་མཛོད་གནས་ཚུལ་དང་གསོག་ཉར་ཆ་རྐྱེན། ཁུངས་འདེད་དོ་དམ། ཐོན་རྫས་ཀྱི་སྤུས་ཀ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཆ་ཚང་ཅན་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ། ཞིབ་བཤེར་བརྒྱུད་རིམ་ཁྲོད་གཉེར་སྐྱོང་དུད་ཁྱིམ་ལ་ལག་ཁྱེར་དཔང་ཡིག་དང་གློག་རྡུལ་འཛིན་བྱང་ཡོད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱིར་འཚོང་དང་ནང་འདྲེན་གྱི་རྩིས་ཐོ་ལེགས་པོར་བཀོད་དེ་ནང་འདྲེན་འཁྱགས་ཟས་རིགས་ཀྱི་ཁུངས་འདེད་མ་ལག་གི་ནུས་ལྡན་རང་བཞིན་འགན་སྲུང་བྱས། དེ་དང་ཆབས་ཅིག་ཏུ་འཁྱགས་ཟས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་ནན་ཏན་བྱས་པ་རེད།

ཟླ1པའི་ཚེས6ཉིན་གྱི་བར་དུ། རྫོང་ཡོངས་སུ་བསྡོམས་པས་ཁྲིམས་འཛིན་མི་སྣ་མི་ཐེངས1200ལྷག་མངགས་ཏེ་ནང་འདྲེན་འཁྱགས་ཟས་རིགས་ཀྱི་ཚོང་གཉེར་དུད་ཁྱིམ11དང་། ནང་འདྲེན་འཁྱགས་ཟས་ཀྱི་རིགས་བཀོལ་སྤྱོད་བྱེད་བཞིན་པའི་ཟ་ཁང་ཆེ་གྲས123ལ་ཞིབ་བཤེར་བྱས་ཤིང་། དེའི་ནང་ནས་གནད་དོན22རྙེད་པ་དང་ཚོང་གཉེར་དུད་ཁྱིམ18ལ་བཅོས་སྒྲིག་བཀའ་འབེབས་གནང་བ་རེད། བསང་ཆུ་རྫོང་གིས་བྱེད་ཐབས་ཚགས་དམ་སྤེལ་ནས་ནང་འདྲེན་འཁྱགས་ཟས་རིགས་ཀྱི་ལྟ་སྐུལ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ། ནང་འདྲེན་འཁྱགས་ཟས་ཀྱི་རིགས་ཚོང་གཉེར་བྱེད་མཁན་གྱི་གཉེར་སྐྱོང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་གི་འགག་སྒོ་སྲ་བརྟན་དང་ཟས་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།