ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སློབ་ཁྲིད་དང་རིག་གཞུང་དཔུང་སྡེའི་གྲུབ་འབྲས་འགྲེམ་སྟོན་ཁང་གི་སྒོ་ཕྱེས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

01_01_4449.jpg

01_01_4450.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སློབ་ཁྲིད་དང་རིག་གཞུང་དཔུང་སྡེའི་གྲུབ་འབྲས་འགྲེམ་སྟོན་ཁང་གི་སྒོ་ཕྱེ་བ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་ཀྲུའུ་ཞི་གཞོན་པ་བསེ་ཚང་བློ་བཟང་དཔལ་ལྡན། སྒྲོལ་མ་སྐྱབས་བཅས་འགྲེམ་སྟོན་ཁང་གི་སྒོ་འབྱེད་མཛད་སྒོར་ཞུགས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་ཁྲིན་ཀྲེང་ཝུའུ་ཡིས་ཤིས་ཚིག་ཕུལ། མཛད་སྒོའི་སྟེང་དུ་ཞུས་ཆང་དང་ཁྲིན་ཀྲེང་ཝུའུ་གཉིས་ཀྱིས་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སློབ་ཁྲིད་དང་རིག་གཞུང་དཔུང་སྡེའི་གྲུབ་འབྲས་འགྲེམ་སྟོན་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ།

བསེ་ཚང་བློ་བཟང་དཔལ་ལྡན་ལགས་ནི་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཆེ་ལ་ངེས་དོན་གྱི་བོད་རིག་པའི་མཁས་དབང་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གསར་དུ་འཛུགས་པའི་དཔུང་སྡེའི་ནང་གི་ཁོངས་མི་གཙོ་བོ་ཡིན། 1994ལོར་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་གནང་བའི་སློབ་དཔོན་ཆེན་མོའི་ཐོབ་ཐང་བཞེས་པ་ནས་བཟུང་། སྐད་གཉིས་སློབ་ཁྲིད་ཀྱི་དཔུང་སྡེའི་རིག་གཞུང་སྣེ་ཁྲིད་པ་གཙོ་བོར་གྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡོད་པའི་མཁས་དབང་ཆེས་ཐོག་མ་ཡིན། ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་མཚན་ཐོག་ནས་སྤྲད་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཟེངས་རྟགས”དང་རང་ཞིང་གི་སྐབས་དང་བོའི“དཔེ་ཁྲིད་པ་གྲགས་ཅན་གྱི་བྱ་དགའ”ཐོབ། “ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣའི་བྱ་དགའ”དང་ཞིབ་འཇུག་གྲུབ་འབྲས“ཇོ་མོ་གླང་མའི་བྱ་དགའ”སོགས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པ་བཅས་ཀྱིས་གཟི་བརྗིད་མཚན་སྙན་མང་བོ་བསྩལ།

ལོ40ལྷག་གི་སློབ་ཁྲིད་གནང་བའི་ཁྲོད་དཔྱོད་སྟོབས་ཀྱི་གྲུབ་འབྲས་བླངས་པའི་སློབ་ཁྲིད་ཚན་ཞིབ་ཚོགས་པ་ཞིག་བཙུགས་པ་དང་འབྲེལ། “བསེ་ཚང་སློབ་སྐྱོར་རོགས་དངུལ”དང“བསེ་ཚང་རྩོམ་རིག་བྱ་དགའ”སྩོལ་བའི་རྣམ་བཞག་གཉིས་བཙུགས་ནས། མི་རིགས་སོ་སོའི་སློབ་མ་སྟོང་ཕྲག་མང་བོར་རོགས་སྐྱོར་བྱས་པའི་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི 230ལ་བསླེབས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་མི་རིགས་ཀྱི་རིག་ཚན་ཆེད་ལས་འཛུགས་སྐྱོང་དང་མི་རིགས་སློབ་གསོའི་བྱ་གཞག དེ་མིན་མི་རིགས་ས་ཁུལ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ།

སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སློབ་ཁྲིད་དང་རིག་གཞུང་དཔུང་སྡེའི་གྲུབ་འབྲས་འགྲེམ་སྟོན་ཁང་བཙུགས་པ་དེས་རིག་གནས་རྒྱུན་འཛིན་དང་གྲུབ་འབྲས་འགྲེམ་སྟོན་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་སློབ་གྲྭའི་སློབ་གཉེར་ཆུ་ཚད་དང་གསོ་སྦྱོང་སྤུས་ཚད་ཇེ་མཐོར་གཏོང་བར་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།