ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཐེབས་རྩའི་འཁོར་སྐྱོད་བྱེད་སྟངས་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་བོའི་གདེང་འཇོག་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ནས་བཟུང་སྟེ། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཁུལ601གི་སྨན་བཅོས་འགན་ལེན་ཐེབས་རྩ་སོ་སོའི་འཁོར་སྐྱོད་གནས་ཚུལ་ལ་གདེང་འཇོག་བྱེད་པའི་བྱ་བ་སྤེལ་ཞིང་། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས2019ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཐེབས་རྩའི་འཁོར་སྐྱོད་གནས་ཚུལ་ལ་གདེང་འཇོག་བྱས་པའི་མཇུག་འབྲས་བརྡ་ཁྱབ་བཏང་བ་ལྟར་ན། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཐེབས་རྩའི་འཁོར་སྐྱོད་བྱེད་སྟངས་ལ་ཀན་སུའུ་ཞིང་ཆེན་གྱི་ཨང་དང་བོའི་གདེང་འཇོག་ཐོབ་པ་དང་། རྒྱལ་ཡོངས་ཀྱི་ཨང37པ་ཡིན།

ཀན་ལྷོ་ཁུལ་གྱི་སྨན་བཅོས་འགན་ལེན་ཅུས་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་སྨན་བཅོས་འགན་ལེན་ཐེབས་རྩའི་བདེ་འཇགས་དང་ཕན་འབྲས་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པ་ཐེབས་རྩ་དོ་དམ་གྱི་ཚེ་སྲོག་ལྟ་བུར་བརྩིས་ཏེ། ཟླ་རེར་ལེགས་སྒྲིག་བྱེད་པ་དང་དུས་ཚིགས་རེར་དབྱེ་ཞིབ་བྱེད་པ། ལོ་རེར་ཞིབ་རྩིས་རྒྱག་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ལུགས་མཐུན་སྒོས་ཐེབས་རྩའི་གཏོང་ཡོང་གནས་ཚུལ་སྔོན་རྩིས་བྱས་པ་དང་། ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་པ་དང་མི་གྲངས་ལ་གཞིགས་ནས་སྨན་རིན་སྤྲོད་པ། བསྡོམས་འབོར་ཚོད་འཛིན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྨན་བཅོས་འགྲོ་གྲོན་ལུགས་མཐུན་མིན་པའི་སྒོ་ནས་འཕར་བར་ཚོད་འཛིན་བྱས། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་ཕྱིར་ལྡོག་གནད་དོན་གྱི་ཞིབ་ཐོ་ལྟར་ལུགས་མཐུན་སྒོས་རྩིས་ཞུའི་སྲིད་ཇུས་ལེགས་སྒྲིག་བྱས་ཤིང་། སྨན་བཅོས་འགན་ལེན་ཐེབས་རྩའི་འཇའ་ཤིང་ལ་བརྟེན་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། གཏན་ཁེལ་གྱི་སྨན་བཅོས་སྡེ་ཁག་དང་སྨན་འཚོང་ཁང་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་པ་དང་། ཕྱོགས་གསུམ་པས་སྐབས་ཕྲལ་དང་གློ་བུར་གྱིས་ཞིབ་བཤེར་བྱས་ནས་སྨན་བཅོས་འགན་ལེན་ཐེབས་རྩ་ལ་གནད་དོན་འབྱུང་བར་གཏན་འགོག་བྱས། སྨན་བཅོས་འགན་ལེན་སྲིད་ཇུས་དེ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ལ་ཁ་ཕྱོགས་ནས་སྨན་ཁང་དུ་འདུག་པའི་འགྲོ་གྲོན་ལུགས་མཐུན་སྒོས་ཚོད་འཛིན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགན་ལེན་ཆུ་ཚད་དང་འཚམ་པའི་སྨན་བཅོས་འགན་ལེན་གྱི་དམིགས་འབེན་རྩ་བའི་ཆ་ནས་མངོན་འགྱུར་བྱུང་།

ཟླ9བའི་ཚེས30ཉིན་གྱི་བར་དུ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཐེབས་རྩའི་ཡོང་སྒོ་སྒོར་ཁྲི49090ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཐེབས་རྩའི་འགྲོ་སྒོ་སྒོར་ཁྲི39972.19ཟིན་པ། དེའི་ཁྲོད་དུ་སྒོ་བསྟེན་སྨན་ཁང་དཀྱུས་མ་རུ་སྒོར་ཁྲི1557.08རྩིས་ཞུ་བྱས་པ་དང་། ནད་རིགས་ཚབས་ཆེན་གྱི་སྒོ་བསྟེན་སྨན་ཁང་དུ་སྒོར་ཁྲི1007.6རྩིས་ཞུ་བྱས་པ། གཞི་རྩའི་སྨན་བཅོས་འགན་ལེན་སྲིད་ཇུས་ཀྱི་ཁྱབ་ཁོངས་ནས་འགྲོ་སོང་སྒོར་ཁྲི23414.75རྩིས་ཞུ་བྱས། ནད་གཞི་ལྕི་རིགས་ཀྱི་འགན་ལེན་ལ་སྒོར་ཁྲི3736.09རྩིས་ཞུ་བྱས་པ་དང་ཕྱོགས་བསྡུས་ཀྱིས་རྩིས་ཞུ་བྱེད་ཚད75.64%ཟིན་པ། སྨན་ཁང་དུ་སྡོད་ཐེངས་རེར་ཆ་སྙོམས་འགྲོ་སོང་སྒོར6135ཡིན། གོང་རིམ་ལ་སྤྲད་པའི་ནད་ཆེན་འགན་ལེན་གྱི་འགྲོ་སྒོ་སྒོར་ཁྲི5559ཟིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དུ་སྨན་བཅོས་བྱས་པར་སྒོར་ཁྲི8152.62རྩིས་བརྒྱབ་པ་དང་། ཞིང་ཆེན་གཞན་པ་ནས་སྨན་བཅོས་བྱས་པར་སྒོར་ཁྲི281.11རྩིས་བརྒྱབ། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ལ་སྒོ་བསྟེན་སྨན་ཁང་དུ་སྒོར་ཁྲི524.6རྩིས་ཞུ་བྱས་པ་དང་། སྒོ་བསྟེན་གཅོང་ནད་ལ་སྒོར་ཁྲི326.53རྩིས་ཞུ་བྱས་པ། གཞི་རྩའི་སྨན་བཅོས་འགན་ལེན་སྲིད་ཇུས་ཁྱབ་ཁོངས་ནས་འགྲོ་སོང་སྒོར་ཁྲི7079.91རྩིས་ཞུ་བྱས་པ། ནད་གཞི་ལྕི་རིགས་ཀྱི་འགན་ལེན་སྒོར་ཁྲི1203.92རྩིས་ཞུ་བྱས་པ། སྨན་བཅོས་རོགས་སྐྱོབ་སྒོར་ཁྲི1744.62རྩིས་ཞུ་བྱས་པ། འགན་ལེན་གསུམ་བྱས་རྗེས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནས་རྩིས་ཞུ་བྱེད་ཚད95.33%ཡིན། སྔོན་དཔག་བྱས་ན་ད་ལོའི་གཏོང་ཡོང་དོ་མཉམ་ཡིན་པ་དང་ལོ་རྗེས་མར་བཀོལ་རྒྱུའི་ལྷག་སྒོར་ཅུང་ཙམ་ཡོད་པའི་ཐེབས་རྩ་དོ་དམ་གྱི་དམིགས་འབེན་རྩ་བའི་ཆ་ནས་མངོན་འགྱུར་བྱུང་།   

ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཚང་མར་རང་ཁུལ་གྱི་ས་ཁོངས་ནས་སྨན་ཁང་དུ་འདུག་སྐབས་སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། གཤམ་སྤྲོད་དང་དོ་དམ། ཞབས་ཞུ་བཅས་ཀྱི་འབྲེལ་ཡོད་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕུད་པའི་གཞན་ཚང་མར་སྨན་ཁང་ནས་ཕྱིར་འབུད་སྐབས་ས་གནས་གཅིག་ནས་རྩིས་རྒྱག་པའི་ཞབས་ཞུ་མངོན་འགྱུར་བྱུང་བས། སྨན་བཅོས་འགན་ལེན་ནང་ཞུགས་མཁན་གྱིས་སྨན་བཅོས་དང་རྩིས་ཞུ་བྱེད་པར་ཧ་ཅང་སྟབས་བདེ་བསྐྲུན།

2021ལོའི་སྨན་བཅོས་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་བྱ་བ་ཁྱོན་ཡོངས་ནས་འགོ་བཙུགས་ཡོད་པ་དང་། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་དངུལ་ཁང་དང་ལག་ཁྱེར་ཁ་པར། སྐད་འཕྲིན། ཤང་དང་གྲོང་རྡལ་གྱི་ཚབ་བསྡུའི་མ་ལག་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྨན་བཅོས་འགན་ལེན་གྱི་གྲོན་དངུལ་སྤྲོད་ཆོག འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་དུས་བཀག་ནི2020ལོའི་ཟླ་12པའི་ཚེས31ཉིན་ཡིན་ལ་དུས་འགྱངས་བྱ་རྒྱུ་མིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།