བསང་ཆུ་རྫོང་གིས་ཞོག་ཁོག་འདེབས་འཛུགས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྟོན་བསྡུའི་སྐབས་སུ། ཀན་ལྷོ་ཁུལ་བསང་ཆུ་རྫོང་མདའ་མེད་ཤང་ས་དཀར་དཀར་སྡེ་བར་ལོ་ལེགས་བྱུང་ཡོད། སྡེ་མི་རྣམས་ཞོག་ཁོག་བརྐོ་བའི་ལས་ལ་བྲེལ་བཞིན་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཤིག་མངོན་འདུག

དེ་ནི་ས་མཐོའི་ས་ཁུལ་ཁོ་ནར་སྐྱེས་བའི་ཞོག་ཁོག་ཅིག་ཡིན་ལ། དེའི་ཁྱད་ཆོས་ནི་སིང་ཕྱེ་འདུས་ཚད་དང་འཚོ་བཅུད་ཀྱི་རིན་ཐང་མཐོ་བས། གཞན་དང་མི་འདྲ་བའི་བྲོ་བ་ལྡན་པ་ཞིག་རེད། བསང་ཆུ་རྫོང་ས་དཀར་དཀར་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་བསོད་ནམས་ཚེ་རིང་གིས་ཞོག་ཁོག་དམར་བོ་ཞིག་ལག་ལ་བཟུང་ནས་ང་ཚོ་ལ“ད་ལོར་མཉམ་ལས་ཁང་གིས་ས་ཞིང་མུའུ55ལ་ཞོག་ཁོག་སྣ་ཁ་ཉི་ཤུ་ལྷག་ཚོད་འདེབས་བྱས་པར་ཐོན་ཚད་ཧ་ཅང་ལེགས། སང་ལོར་ས་ཞིང་འཁོར་རྒྱུག་བྱས་ནས་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་ཆོག”ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་ས་ཞིང་དེ་ནི་ཀན་སུའུ་ཞིང་ཆེན་ཆིན་ཝང་ཁྲོན་ཞིང་ལས་ཐོན་ལས་གླིང་གིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ཞོག་ཁོག་གི་མ་བཅོས་རྒྱུད་སྤེལ་ཚོད་ལྟའི་གཞི་ས་ཞིག་རེད། ཞོག་ཁོག་འདེབས་འཛུགས་བྱེད་ཆེད་མཁས་པས་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་བོར་འགན་ཁུར་བཞིན་ཡོད་པས། གལ་ཏེ་དཀའ་གནད་ལ་འཕྲད་ཚེ་སྐད་འཕྲིན་ཚོགས་པ་བརྒྱུད་ནས་ཆེད་མཁས་པར་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དུ་བཅུག་ཆོག

ས་དཀར་དཀར་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནི 2020ལོའི་ཟླ3པར་བསོད་ནམས་ཚེ་རིང་དང་སྡེ་བ་དེའི་ཞིང་ཁྱིམ7གྱིས་མཉམ་དུ་ཐོ་འགོད་བྱས་ནས་བཙུགས་ཤིང་། གཙོ་བོ་ཞོག་ཁོག་གི་མ་བཅོས་རྒྱུད་སྤེལ་བྱེད་བཞིན་ཡོད་པ་དང་། ཏང་ཀུན་དང་ལྕུམ་རྩ་སོགས་སྨན་རྩྭ་འདེབས་འཛུགས་དང་ཕྱིར་ཚོང་བྱེད་བཞིན་ཡོད། མིག་སྔར་མཉམ་ལས་ཁང་དེར་རོང་འབྲོག་པ25ཞུགས་ཡོད་པ་དང་། རོང་འབྲོག་ཁྱིམ་ཚང50ལྷག་སྐུལ་ཁྲིད་བྱས་ཤིང་། མཉམ་ལས་ཁང་ལ་མ་དངུལ་སྒོར་ཁྲི80བཏང་ཡོད།

 “འདི་ནི་ད་ལོར་ང་ཚོས་ནང་འདྲེན་བྱས་པའི་ཞོག་ཁོག་གསར་བ་ཞིག་ཡིན་ལ། མུའུ་རེའི་ཐོན་ཚད་སྤྱི་རྒྱ5000ལྷག་ཟིན།”ཞེས་བསང་ཆུ་རྫོང་ཞིང་ལས་ལག་རྩལ་ས་ཚིགས་ཀྱི་ཞིང་ལས་ལག་རྩལ་བ་ཀྲང་ཡུས་ལུང་གིས་གསར་འགོད་པར་དེ་ལྟར་བཤད།

ས་དཀར་དཀར་སྡེ་བའི་སྡེ་མི་གཡང་མོ་སྐྱིད་ཀྱིས“སྔོན་ཆད་ང་ཚོས་ནས་དང་སྲན་ཆེན་སོགས་འདེབས་བཞིན་ཡོད། མུའུ་གཅིག་གི་ཐོན་ཚད་སྤྱི་རྒྱ300ཡས་མས་ལས་མེད། ད་ལྟ་ང་ཚོས་ཞོག་ཁོག་འདེབས་བཞིན་ཡོད་ལ། ཆེས་མང་བའི་མུའུ་གཅིག་གི་ཐོན་ཚད་སྤྱི་རྒྱ5000ཡས་མས་ཡིན”ཞེས་བཤད།

བསང་ཆུ་རྫོང་གིས་ཞོག་ཁོག་དེ་ཞིང་ལས་ལོ་ཏོག་འདེབས་འཛུགས་ཀྱི་གཙོ་གནད་དུ་བཞག་སྟེ། ཐོན་ལས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་འདེབས་འཛུགས་ལས་རིགས་རིགས་སྒྱུར་རིམ་སྤོར་བྱེད་པར་རམ་འདེགས་བྱས་པ་དང་། “མཉམ་ལས་ཁང+གཞི་ས+རོང་འབྲོག་ཁྱིམ་ཚང”གི་བྱ་ཐབས་སྤྱད་ནས་མང་ཚོགས་ལ་ཐོན་འཕར་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱས། ཞོག་ཁོག་གི་ཕན་འབྲས་ལེགས་པ་དང་ཚོང་རའི་མདུན་ལམ་ཆེ་བ། མང་ཚོགས་ལ་འདེབས་འཛུགས་ཀྱི་ཧུར་སེམས་ཆེ་བ་བཅས་ནི་བསང་ཆུ་རྫོང་གི་ཞིང་ལས་ཐོན་ལས་འཕེལ་རྒྱས་འབྱུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད།

བསང་ཆུ་རྫོང་ཐང་དཀར་ནང་ཤང་རོང་བར་ལྗང་མདོག་ཐང་རྒོད་སྨན་རྩྭ་འདེབས་འཛུགས་ཚད་ཡོད་ཀུང་སིས་ན་ནིང་ནས་བཟུང་སྐྱེ་ཁམས་ཞོག་ཁོག་འདེབས་འཛུགས་བྱས་པ་ལས་བྱུང་བའི་ཕན་འབྲས་ལ་ངོས་ཟིན་ཟབ་མོ་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཐང་དཀར་ནང་ཤང་གིས་ཞོག་ཁོག་མུའུ500ལྷག་འདེབས་འཛུགས་བྱས་པ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ2000ལྷག་ཡིན་ལ། ཤང་ཡོངས་སུ་བསྡོམས་པས་ཞོག་ཁོག་ཏུན1000བསྡུས་པ་དང་འདེབས་འཛུགས་བྱས་པའི་ཁྱིམ་ཚང་གི་མུའུ་རེའི་མ་མཐའི་ཡོང་འབབ་སྒོར2000ཟིན་ཡོད།

བསང་ཆུ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་སྐྱེ་ཁམས་འདེབས་འཛུགས་གཞི་ས་བཏོད་ཅིང་། “ཞོག་ཁོག་རྡོག་རྡོག”རེ་རེ“གསེར་རྡོག་རྡོག”རེ་རེར་གྱུར་པས་མང་ཚོགས་ལ་རེ་བ་བསྩལ་བར་མ་ཟད། རྫོང་ཡོངས་ཀྱི་འདེབས་འཛུགས་ཐོན་ལས་ཀྱང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དོ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།