ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གནམ་གྲུ་ཐང་གིས་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་བར་གྱི་མཁའ་ལམ་སླར་གསོ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1606183212765614.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས23ཉིན་ཐེན་ཅིན་གནམ་གྲུ་ཐང་ནས་རྒྱུས་ལོན་པ་ལྟར་ན། ཐེན་ཅིན་གནམ་གྲུ་ཐང་གིས་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་བར་གྱི་མཁའ་ལམ་བསྐྱར་དུ་ཤར་གཏོང་བྱས་ཤིང་། སི་ཁྲོན་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བ་དང་། གནམ་གྲུའི་ཨང་གྲངས་ནི3U8805/6ཡིན་ལ། མཁའ་ལམ་ནི་ཁྲེང་ཏུའུ་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར་ཡིན་པ་དང་། གནམ་གྲུའི་རྣམ་གྲངས་ནིA319ཡིན། གནམ་གྲུ་འཕུར་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། གཟའ་སྤེན་པ་བཅས་ཡིན།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཐེན་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་ས་ཁུལ་ཡིན་པ་དང་། བསང་ཆུ་རྫོང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཉེ་བའི་ལོ་འགའི་རིང་། ཐེན་ཅིན་དང་ཀན་ལྷོའི་ས་ཁུལ་གྱིས་ཐོན་ལས་དང་། སློབ་གསོ། འཕྲོད་བསྟེན། ངལ་ལས། གསོ་སྦྱོང་། ཡུལ་སྐོར་སོགས་ཕྱོགས་མང་པོའི་ཐད་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རིག་གནས་སྤེལ་རེས་བྱས་པ་དང་། ཐེན་ཅིན་གྱི་ལས་བྱེད་པ་སྐོར་ཐེངས་མང་པོ་ཞིག་གིས་ཀན་ལྷོའི་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྲུན་བྱས་ཏེ། ས་གནས་གཉིས་ཀྱི་མི་སྣའི་འབྲེལ་བ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

ཐེན་ཅིན་ནས་བསང་ཆུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་ལས་ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོའི་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ས་གནས་གཉིས་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་སྔར་ལས་མགྱོགས་ཤིང་སྟབས་བདེ་ཡིན་པའི་མཁའ་ལམ་སྐྲུན་ཡོད།

2017ལོའི་ཟླ3པའི་ཚེས20ཉིན། ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ཡོན་ལྷན་ཁང་གིས་དམངས་སྤྱོད་མཁའ་འགྲུལ་ཧྭ་པེ་ས་ཁུལ་དོ་དམ་ཅུས་ལ་ཡི་གེ་བསྐུར་ནས་ཐེན་ཅིན་ནས་བསང་ཆུ་བར་གྱི་མཁའ་ལམ་ཤར་གཏོང་བྱ་རྒྱུའི་འདུན་པ་བརྗོད། དམངས་སྤྱོད་མཁའ་འགྲུལ་ཧྭ་པེ་ཅུས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག  2017ལོའི་ཟླ7པའི་ཚེས31ཉིན་བོད་ལྗོངས་མཁའ་འགྲུལ་གྱིས“ཁྲུང་ཆིང་ནས་བསང་ཆུ་བར”གྱི་མཁའ་ལམ་ཤར་གཏོང་བྱས་ལ། 2018ལོའི་དབྱར་དུས་སུ་བོད་ལྗོངས་མཁའ་འགྲུལ་གྱིས“ཁྲུང་ཆིང་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར”གྱི་མཁའ་ལམ་དེ“ལྷ་ས་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར”གྱི་མཁའ་ལམ་དུ་བསྒྱུར་ཡོད།

2018ལོའི་ཟླ10བ་ནས་བཟུང་། ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་དབང་གིས་མཁའ་ལམ་དེར་འཕུར་སྐྱོད་བྱེད་མཚམས་བཞག་པ་དང་། ཐེན་ཅིན་དང་ཀན་སུའུ་ས་ཁུལ་གཉིས་ཀྱི་འགྲུལ་བའི་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་པ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།