ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སློབ་གསོའི་སློབ་ཁྲིད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་ཆེད་དོན་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་སློབ་གསོའི་སློབ་ཁྲིད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར8ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་གཞི་རིམ་སློབ་གྲྭ་དང་བྱིས་གཉོར་ཁང་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་། སློབ་གསོའི་ཆ་འཕྲིན་ཅན་བེད་སྤྱོད། སློབ་གསོའི་ཚན་ཞིབ་གནས་ཚུལ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ། སློབ་ཁང་དུ་སློབ་ཁྲིད་ལ་ཉན་པ་དང་སྙན་ཞུར་ཉན་པ། དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་ཚོགས་པ། དྲ་ལམ་འདྲི་ཤོག་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། རྒྱ་ཆེའི་ལས་གནས་དང་པོའི་དགེ་རྒན་གྱི་གསོ་སྦྱོང་དགོས་མཁོ་དང་སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ཁྲོད་ཀྱི་དཀའ་ཁག་དང་གནད་དོན། སློབ་གསོའི་ཚན་ཞིབ་ཁྲོད་འཕྲད་པའི་དཀའ་ཁག་དང་མི་འདང་ས། སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་དང་བེད་སྤྱོད་ཐད་གནས་པའི་ཞན་ཆ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས།    ཐེངས་འདིའི་བརྟག་ཞིབ་ཀྱི་དམིགས་ཡུལ་ནི་ཕྱིན་ཆད་རང་ཁུལ་གྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་ཆེད་དང་དགེ་རྒན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་པ་ཡོད་པའི་ཆ་འཕྲིན་དང་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ་དེ་ཡིན།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།