མཛོད་དགེ་སྨད་མ་གྲོང་རྡལ་ལམ་ལུང་རང་བྱུང་སྡེ་བ་ནི་མཛོད་དགེ་རྩྭ་ཐང་ཆེན་མོའི་རང་བྱུང་མཛེས་ལྗོངས་ཀྱི་ལམ་ཐིག་གཙོ་བོརུ་གནས་ཡོད། གཙོས་གྲོང་ཁྱེར་གྱི་སྐྱེ་ཁམས་ཐོན་ལས་ཁུལ་དང་ཁྱིམ་མཚེས་ཡིན་ལ། དཔེ་མཚོན་གྱི་རོང་མ་འབྲོག་གི་ས་ཁུལ་ཞིག་ཡིན། གཙོ་ཁྲིད་ཐོན་ལས་ལ་ནོར་ལུག་གསོ་སྤེལ་དང་ནས་དང་པད་ཁ་འདེབས་པ། སྡེ་བ་ཧྲིལ་བོར་ཁྱིམ་ཚ20དང་མི127ཡོད།
2019ལོར་རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། ལམ་ལུང་སྡེ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་དངོས་སུ་འགོ་ཚུགས། སྡེ་བ་གཅིག་གྱུར་གྱི་འཆར་འགོད་བྱས་ནས་གདོད་མའི་བོད་བཟོའི་བཟོ་བཀོད་རྣམ་པ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག སྡེ་བ་ཡོངས་ཀྱི་ཁྱིམ་ཚང20ཡི་སྡོད་ཁང་གི་རྣམ་པ་སྒྱུར་བཀོད་བྱས། སྡེ་བའི་སྤྱི་གཞུང་གི་ཡུལ་སྐོར་ས་ཚིགས1དང་སྤྲོ་གསེང་ལྡུམ་ར1བསྐྲུན་པ་མ་ཟད། ལུས་རྩལ་ཡོ་བྱད་དང་ནུས་རྒྱུ་གྲོན་ཆུང་གི་ལམ་སྒྲོན་བཙུགས་ཡོད། སྲང་ལམ་སོ་སོའི་ནང་དུ་གད་སྙིགས་བླུགས་སྒམ་ཡང་བཞག་ཡོད།
གཙང་ལ་གྲལ་འགྲིག་པའི་ཨར་འདམ་ལམ་དུ་སྐྱོད་སྐབས་གསར་འགོད་པ་སྐྱིད་པོ་ཚང་གི་ཁྱིམ་དུ་འབྱོར། ད་ལོ་ལོ68ལ་སླེབས་པའི་སྐྱིད་པོ་ཚང་གི་སྒེའུ་ཁུང་གཙང་ཞིང་མཛེས་ལ། བོད་བཟོའི་ཇ་ལྕོག་དང་། བརྙན་འཕྲིན་སྒམ། བརྙན་འཕྲིན་སོགས་ཁྱིམ་ཆས་ཚང་མ་འཛོམས་ཤིང་། སྒེའུ་ཁུང་བརྒྱུད་དེ་བལྟས་ན་རྩྭ་ཐང་གི་མཛེས་ལྗོངས་ཡོངས་སུ་མཐོང་ཐུབ།
2013ལོར། སྐྱིད་པོ་ཚང་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་དུ་བདམས་པ་དང་མཛོད་དགེ་སྨད་མ་གྲོང་རྡལ་གྱིས་ཁོ་ཚང་གི་དོན་དངོས་གནས་ཚུལ་གཞིར་བཟུང་ནས། ཟོག་ཉོ་བའི་ཁ་གསབ་དང་། ལག་རྩལ་གསོ་སྦྱོང་། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས། ཐོན་ལས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་བརྒྱུད་དེ2014ལོའི་ལོ་མཇུག་ཏུ་དབུལ་བོའི་ཞྭ་མོ་བདེ་བླག་ངང་ཕུད་པ་རེད།
ལམ་ལུང་སྡེ་བའི་འགྱུར་ལྡོག་ནི་གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་བསྡུས་རིས་ཤིག་རེད། 2016ལོ་ནས་བཟུང་། གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཡུལ་སྐོར་ལས་རིགས་འཕེལ་རྒྱས། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ཀྱི་ནུས་ལྡན་ལས་སྟེགས་བརྒྱུད་དེ་སྡེ་བའི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལོ་ལྔའི་རིང་གྲོང་ཁྱེར་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར7.63བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ121བསྐྲུན་པ་དེ་དབུལ་བོ་སྡེ་བ39ཡི་རོང་འབྲོག་དམངས་ཁྱིམ་ཚང2682དང་མི་ཁྲི2.1དང་འབྲེལ་བ་ཡོད་པ་དང་། དེའི་ནང་དུཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཚང974ཡི་མི5312ཡོད།
ད་ལྟ་གཙོས་གྲོང་ཁྱེར་གྱི་རོང་འབྲོག་སྡེ་བའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད་ལ། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས“གསུམ་རྒྱལ”མངོན་འགྱུར་བྱེད་པ་དང་དུས་མཚུངས་སུ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད། །