ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་དྲུག་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ལ། གཙང་འགྲམ་གྱི་སྤང་ལྗོངས་ལྗང་ནེམ་ནེམ་དང་མེ་ཏོག་སྣ་བརྒྱས་རྣམ་པར་བརྒྱན་འདུག ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་དང་ཀན་ལྷོ་ཁུལ་སྐབས་དྲུག་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་གར་འགོ་ཚུགས།    

ཐེན་ཅིན་གྲོང་ཁྱེར་ཧུང་ཆའོ་ཆུས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རུའེ་ཡུང་ལིང་དང་ཀན་སུའུ་ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུའུ་སྨི། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཆིང་ཧྲན་འགོ་ཚུགས་པའི་མཛད་སྒོར་ཞུགས།     

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཞུས་ཆང་དང་ཧོ་མོའུ་པའོ་སོགས་ཁུལ་གྱི་འགོ་ཁྲིད་པ་འགོ་ཚུགས་པའི་མཛད་སྒོར་ཞུགས།    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན་དང་ཀླུ་ཆུ་རྫོང་ཨུའི་འགན་ཁུར་བ་གཙོ་བོ་སོ་སོས་ཤིས་ཚིག་ཕུལ།    

ཧྥུན་ཞའོ་ལིན་གྱིས་ཉེ་བའི་ལོ་ཤས་རིང་། ཀླུ་ཆུ་རྫོང་གིས་ཀླུ་ཆུ་བཞུར་རྒྱུད་ཀྱི་དམངས་ཁྲོད་སྐོར་བྲོ་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱས་ནས། ཧུར་ཐག་གིས་བོད་རིགས་ས་ཁུལ་གཞན་དག་དང་དེ་མིན་སྤུན་ཟླའི་རྫོང་དང་གྲོང་ཁྱེར་དང་རིམ་པ་མང་བ་དང་རྣམ་པ་མང་བའི་སྒོ་ནས་སྐོར་བྲོ་སློབ་སྦྱོང་དང་སྤེལ་རེས་བྱས་པ་དང་། བསྟུད་མར་རྒྱལ་ཡོངས་རང་བཞིན་གྱི་སྐོར་བྲོ་འཁྲབ་སྟོན་སྐབས་བདུན་སྤེལ། སྐོར་བྲོ་འཁྲབ་སྟོན་གྱི་སྟེགས་བུ་འདི་ལ་བརྟེན་ནས། “རིག་གནས”དང“ཡུལ་སྐོར”གྱི་གཤོག་ཟུང་མཉམ་བརྐྱངས་དང་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ། “ཀྲུང་གོའི་སྐོར་བྲོའི་ཕ་ས-ཀླུ་ཆུ”ཡི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་སྐྲུན། ཀན་ལྷོ་ཁུལ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ནི་རང་ཁུལ་གྱི་མི་རིགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཡུལ་དངོས་ཐོག་ཞིབ་བཤེར་བྱས་པ་ཞིག་ཡིན་ལ། གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་གྱི་གྲུབ་འབྲས་གཅིག་བསྡུས་ཐོག་འགྲེམ་སྟོན་བྱས་པ་ཞིག་ཀྱང་ཡིན། ལུས་རྩལ་པ་དང་འཁྲབ་ཁྲིད་པ། ཤན་འབྱེད་པ་དང་བྱ་བྱེད་མི་སྣ་ཡོངས་ཀྱིས། ཧུར་ཐག་གིས“མཐུན་སྒྲིལ་དང་དཀའ་སྤྱད་འབད་བརྩོན། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད”པའི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བླ་ན་མེད་པའི་ལུས་རྩལ་གྱི་ཀུན་སྤྱོད་དང་སྲོལ་རྒྱུན་དར་སྤེལ་བཏང་ནས། འདྲ་མཉམ་ཀྱིས་འགྲན་རྩོད་དང་དྲང་གཞག་སྒོས་ཤན་འབྱེད་པའི་རེ་བ་ཡོད་ཅེས་བསྟན།     

ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་དང་དེ་མིན་ཀླུ་ཆུ་རྫོང་གི་ཤང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འཐུས་མི་ཚོགས་པས་ཚེས12ནས་ཚེས15ཉིན་གྱི་བར་གཡག་རྒྱུག་འགྲན་བསྡུར་དང་ས་སྒྱེ་འགྱོག་པ། གླང་ཆེན་ཐག་འཐེན། སྦེ་ག་རྒྱག་པ། ཐུན་མོང་ཐག་འཐེན་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས7འགྲན་བསྡུར་བྱ་རྒྱུ་ཡིན།    

འགོ་ཚུགས་པའི་མཛད་སྒོ་མཇུག་སྒྲིལ་རྗེས་རིག་རྩལ་འཁྲབ་སྟོན་དང་སྐོར་བྲོ་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།