ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་མི་དམངས་ཀྱིས་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱ་བར་སྔར་ལས་ཤུགས་བསྣན་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱས་པ་ལྟར་ན། རྨ་ཆུ་རྫོང་གི་མངའ་ཁོངས་ཡོངས་སུ་བཞུར་རྒྱུན་ལ་སྤྱི་ལེ433ཡོད་པའི་སྙན་གྲགས་ཀྱི་བ་དན་དགུང་ལས་མཐོ་བའི་གནམ་འོག་གི་རྨ་ཁུག་དང་བོ་ལྷུན་གྱིས་གྲུབ་ཡོད་པ་མ་ཟད། གནས་འདི་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ནུས་ཐོན་ཁུངས་དང་སྐྱེ་ཁམས་གསོ་སྐྱོང་ཁུལ་དང་། རྒྱལ་ཁམ་རིམ་པའི་བརླན་ཁུལ་གཙོ་བོ་ཡིན་པས། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ད་ལྟའི་བར་དུ། རྨ་ཆུ་རྫོང་གི་མི་དམངས་མང་ཚོགས་ཀྱིས་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག  མུ་མཐུད་དུ་ཁོར་སྲུང་གི་འདུ་ཤེས་མཐོར་འདེགས་སུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྨ་ཆུའི་ཆུ་ནུས་ཐོན་ཁུངས་སྲུང་སྐྱོང་ཐད་དཀའ་བ་དང་ལེན་དང་ཐི་གུ་ཕྲག་ཁུར་གྱིས་དུས་བཞིའི་ཆར་རླུང་གྲང་གསུམ་རྒྱང་དུ་དོར་ཏེ་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་ཁུར་དུ་བླང་ནས། གོང་འོག་མཉམ་འབྲེལ་དང་ཐུན་མོང་འབད་འཐབ་ཀྱིས་མཐོ་སྒང་གི་གནས་མལ་འདི་ལ་བདག་སྐྱོང་གང་ལེགས་བྱས་པ་བརྒྱུད་དེ། ད་ལྟའི་ངོ་མཚར་མཛེས་སྡུག་གི་ཁོ་ར་ཁོར་ཡུག་དང་བདེ་དགའ་སྐྱིད་གསུམ་གྱི་འཚོ་བའི་འཕེལ་འགྱུར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། 

ཉེ་ལམ་རྨ་ཆུ་རྫོང་རྨུར་བྱེ་ཡུལ་ཚོའི་ཏང་སྲིད་སྡེ་ཁག་དང་སྡེ་དམངས་ཀྱི་གཅིག་གྱུར་རྩ་འཛུགས་དང་བཀོད་སྒྲིག་བརྒྱུད་དེ། ས་དེ་གའི་འབྲོག་པ་མང་ཚོགས་དང་ཏང་ཡོན་ལས་བྱེད་པ་མི100ལྷག་རྩ་འཛུགས་བྱས་ཏེ་རྨ་ཆུའི་བཞུར་རྒྱུན་གྱི་རིང་ཚད་སྤྱི་ལེ 30ཡས་མས་ཀྱི་རྨ་འགྲམ་གྱི་གད་སྙིགས་དང་རྨ་ཆུའི་ནང་འབབ་པའི་ཆུ་བོ་ཡན་ལག་ནང་གི་གད་སྙིགས་སོགས་གཙང་སེལ་བྱས་པ་མ་ཟད། རྨ་ཆུ་ཤོར་བའི་གནད་དོན་ལེགས་བཅོས་དང་ས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་མ་ཡུམ་ཆུ་བོར་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་འབོད་སྐུལ་བཏང་བ་རེད།

རྨ་ཆུའི་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་ནི་བྱ་བའི་གནད་སར་བཞག་སྟེ། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག་རི་ཆུ་ནགས་གསུམ་གྱི་རང་བྱུང་ཐོན་ཁུངས་དང་མཛེས་ལྗོངས་ལ་རང་གི་དཔྲལ་བའི་མིག་ལྟར་གཅེས་སྤྲས་བྱེད་བཞིན་ཡོད་པ་མ་ཟད། མུ་མཐུད་དུ་ཏང་ཀྲུང་དབྱང་གི་ཡང་དག་པའི་སྲིད་ཇུས་འོག་ཏུ་ཐབས་བརྒྱ་ཇུས་སྟོང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གསོག་ནུས་པ་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་ཐད་ལ་གྲུབ་འབྲས་གསར་བ་ལེན་པར་སྔ་མོ་ནས་གྲ་སྒྲིག་བྱེད་ཀྱིན་ཡོད།  །   

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།