ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ། མཛེས་སྡུག་ལྡན་པའི་རང་བྱུང་སྐྱེ་ཁམས་ཀྱི་ལྷ་ཡུལ།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།   རྩོམ་པ་པོ། : ཚེ་རིང་བསམ་འགྲུབ་དང་འཇམ་དབྱངས་བློ་གྲོས།   སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཤིག་རེད།མདོ་དབུས་མཐོ་སྒང་གི་བྱང་ཤར་མཚམས་སུ་གནས་པ་དང་ལྷོ་སི་ཁྲོན་རྔ་བ་ཁུལ་དང་འབྲེལ་ཡོད། ལྷོ་ནུབ་ནི་མཚོ་སྔོན་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་ལ་འབྲེལ་བ་དང་། ཤར་ངོས་དང་བྱང་རྒྱུད་ནི་ཀུན་སུའུ་ཞིང་ཆེན་གྱི་ལུང་ནན་དང་ཏིང་ཞི། ལིན་ཞ་བཅས་ཀྱི་ས་མཚམས་ལ་འབྲེལ་ཡོད། ཀན་ལྷོའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་4.5ཡོད། མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་བརྒལ་ས་རྒྱུད་དུ་གནས་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི་1100ནས་4900བར་དང་ས་ཁུལ་མང་ཆེ་བར་སྨི་3000ཡན་ཡོད། ཁུལ་ཡོངས་ནི་རང་བྱུང་རིགས་ཀྱི་ཁུལ་གསུམ་དུ་དབྱེ་ཡོད། ལྷོ་ཕྱོགས་ནི་མིན་ཧྲན་རི་ཁུལ་ཡིན། རི་མཐོ་གཡང་གཟར་དང་། གནམ་གཤིས་ཅུང་འཇམ་པ།ནགས་ཚལ་གྱི་རྒྱ་ཁྱོན་གྱིས་ཀན་སུའུ་ཞིང་ཆེན་གྱི་བརྒྱ་ཆ་30ཟིན། ཀན་ལྷོ་ཁུལ་ཡང་རྒྱལ་ཡོངས་ཀྱི་ནགས་ཁུལ་ཆེ་གྲས་དགུའི་གྲས་ཤིག་ཡིན། ཤར་རྒྱུད་ནི་རི་མ་ཐང་ཡིན་པས། ཞིང་ནགས་ཕྱུགས་གསུམ་མཉམ་དུ་གཉེར་བཞིན་གདའ། ནུབ་བྱང་རྒྱུད་ནི་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཡིན་པས་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གཙོ་བོར་གྱུར། ཁུལ་གྱི་གནས་ས་སྟེ་གཙོས་གྲོང་ཁྱེར་ལ་མཚོ་ངོས་ལས་མཐོ་ཚད་སྨི་2960དང་ཆ་སྙོམས་དྲོད་ཚད་1.7℃ཟིན་པ་དང་། མི་འབོར་ཁྲི་74.23ཟིན། ཁུལ་དེར་བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཐུའུ་རིགས། ས་ལར་རིགས། མན་ཇུ་རིགས་སོགས་མི་རིགས་24ཡོད། 1953ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང་ཁུལ་སྲིད་གཞུང་བླ་བྲང་གྲོང་རྡལ་དུ་ཆགས་ཤིང་། 1956ལོར་གཙོས་གྲོང་རྡལ་དུ་གནས་སྤར། དེའི་ཁོངས་སུ་གཙོས་གྲོང་ཁྱེར་དང་། བཱ་ཙེ། ཅོ་ནེ། འབྲུག་ཆུ། ཐེ་བོ། རྨ་ཆུ།ཀླུ་ཆུ། བསང་ཆུ་བཅས་རྫོང་བདུན་ཡོད།

ཀན་ལྷོ་ཁུལ་ནི་རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རང་བྱུང་སྲུང་ཡོལ་ཆེན་པོ་ཞིག་ཡིན་པས། རྩྭ་ཐང་དང་ནགས་ཚལ། ཆུ་བོ་དང་མཚེའུ་སོགས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་ནི་ཀན་ལྷོ་ཁུལ་གྱི་མི་དམངས་མང་ཚོགས་ཡོངས་ཀྱི་དོན་དག་གལ་ཆེན་ཞིག་ཏུ་གྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁུར་བོ་ལྗིད་ཅིང་འགན་འཁྲི་ཆེ་ཡང་། ཀན་ལྷོའི་མི་དམངས་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ལོ་རྒྱུས་ཀྱི་འགན་འཁྲི་འཛེམས་མེད་དུ་ཕྲག་ལ་ཁུར་ནས། མཛེས་སྡུག་ལྡན་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་བརྩོན་དང་བརྩོན་བཞིན་གདའ།

སྐྱེ་ཁམས་ཁུལ་བསྐྲུན་པའི་འཐབ་ཇུས་ལག་ཏུ་བསྟར།

ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལས་དོན་དེ་གནས་བབ་གལ་ཆེན་དུ་བརྩིས་ཏེ་ཀུན་ནས་བཀོད་སྒྲིག་བྱས་ཡོད་དེ།2011ལོར་ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁུལ་བསྐྲུན་པའི་འཐབ་ཇུས་ལག་ཏུ་བསྟར་བ་དང་། སྐྱེ་ཁམས་ཀྱི་ཀན་ལྷོ་བསྐྲུན་པ་དེ་འཐབ་ཇུས་ཆེན་པོ་ལྔ་དང་འཛུགས་སྐྲུན་ཆེན་པོ་ལྔ་ཡི་གཙོ་བོར་བཞག་ཡོད།2016ལོར་ཀན་ལྷོ་ཁུལ་གྱིས་སླར་ཡང་མཛེས་སྡུག་ལྡན་པའི་རང་བྱུང་སྐྱེ་ཁམས་བསྐྲུན་པ་དང་རི་ལྗང་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་བསྐྲུན་པ་དེ་ནི་སྐྱེ་ཁམས་ཆེན་པོ་ལྔ་དང་ཁོར་ཡུག་ཆེན་པོ་ལྔའི་ནང་གི་གལ་ཆེན་དུ་བརྩིས་ནས་དོན་འཁྱོལ་བྱས།《ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁུལ་བསྐྲུན་པའི་འཐབ་ཇུས་ལ་བརྟེན་ནས་སྐྱེ་ཁམས་ཀན་ལྷོ་བསྐྲུན་པའི་ལག་བསྟར་བྱེད་ཐབས》སོགས་འབྲེལ་ཡོད་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་24བཟོས་ཤིང་། 《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཆར་འགོད》དང་། 《ཀན་ལྷོ་ཁུལ་གྱི་མདོ་དབུས་མཐོ་སྒང་གི་ལྗང་མདོག་དང་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད》སོགས་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ཇུས་གཞི་17བཟོས། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་7བསྒྲགས་ཤིང་ལག་ཏུ་བསྟར། འགོ་ཁྲིད་རྩ་འཛུགས་དང་སྲིད་ཇུས་གཏན་འབེབས། ཁྲིམས་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་འབེན་མུ་མཐུད་དུ་འགྲུབ་པ་ཀུན་ནས་འགན་བླངས།

སྐྱེ་ཁམས་བྱེད་ནུས་ཀྱི་གནས་ཚད་གཏན་ལ་ཕབ།

ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་བྱེད་ནུས་ཀྱི་གནས་ཚད་གཏན་ལ་ཕབ་སྟེ། སྐྱེ་ཁམས་བྱེད་ནུས་འགན་སྲུང་གི་གཞི་རྩ་དང་ཁོར་ཡུག་སྤུས་ཚད་བདེ་འཇགས་ཀྱི་གཞི་རྩ། རང་བྱུང་ཐོན་ཁུངས་བེད་སྤྱོད་ཀྱི་གཞི་རྩ་བཅས་གཞི་རྩ་ཆེན་པོ་གསུམ་ནན་སྲུང་བྱས་ཏེ། འཆར་འགོད་དང་ཇུས་གཞི་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བརྩོན་པ་བསྐྱེད་ཅིང་ །དཔེ་སྟོན་ཚོད་ལྟ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། སྐྱེ་ཁམས་ལས་གཞི་གང་ནུས་ཀྱིས་ལག་ཏུ་བསྟར།

ཞིང་བསྐྱུར་ནགས་གསོའི་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།རང་བྱུང་ནགས་ཚལ་མུའུ་ཁྲི་647.42དང་། སྤྱི་ཕན་ནགས་ཚལ་མུའུ་ཁྲི་290.27། ཞིང་བསྐྱུར་ནགས་གསོ་མུའུ་ཁྲི་33.1དང་། རི་རྒོད་ནགས་བཟོ(མི་བཟོས་ནགས་བཟོ་)མུའུ་ཁྲི་53.21། ནགས་ཚལ་མུའུ་ཁྲི་40.2། རི་རྒྱ་ནགས་གསོ་མུའུ་ཁྲི་31བཅས་དོ་དམ་དང་སྲུང་སྐྱོང་ནུས་ལྡན་བྱས་ཏེ། ནགས་ཚལ་ཁེབས་ཚད་བརྒྱ་ཆ་24.45ཟིན་ཡོད།

ཕྱུགས་ཟོག་འཚོ་བཀག་དང་རྩྭ་ས་སོར་འཇོག རྩྭ་ས་རེས་སྐོར་བཅས་ཁྱབ་གདལ་དུ་བཏང་སྟེ།གཞི་རྩའི་རྩྭ་ས་མུའུ་ཁྲི་3899.91གཏན་ལ་ཕབ་པ་དང་། འཚོ་བཀག་རྩྭ་ས་མུའུ་ཁྲི་887ཡོད་ལ། རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི་2938.84ཁྱབ་གདལ་དུ་བཏང་།ཚད་ལས་བརྒལ་བའི་ཕྱུགས་རིགས་ཁྲི་92.37ཉུང་དུ་བཏང་བ་དང་། རང་བྱུང་རྩྭ་ཐང་གི་ཆ་སྙོམས་ཁྱབ་ཚད“ལྔ་འཆར་བཅུ་གཉིས་པའི”དུས་འགོའི་བརྒྱ་ཆ92ནས་བརྒྱ་ཆ96.87བར་མཐོ་རུ་སོང་།

ཀན་ལྷོའི་རྨ་ཆུའི་ཆུ་མགོ་གཙོ་བོ་དེ་སྐྱེ་ཁམས་ནུས་པའི་ཁུལ་ལ་འདོན་སྤྲོད་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལག་ཏུ་བསྟར། འབྲོག་པ་དུད་ཚང་ཁྲི་1.45གཞིས་ཆགས་པ་དང་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་མུའུ་ཁྲི་1573.5དང་། བྱེ་འགྱུར་རྩྭ་ས་དང་ས་ནག་གྲམ་ཐང་མུའུ་ཁྲི་135.4། འབབ་རྒྱུད་ཆུང་གྲས་ས་ཁུལ་སྤྱི་ལེ་གྲུ་བཞི་མ་125སོགས་ཕན་ནུས་ལྡན་པར་བཅོས་སྐྱོང་བྱས་ཡོད།

གད་སྙིགས་གཙང་སེལ་དེ་ཡང་མང་ཚོགས་ཀྱི་གོམས་གཤིས་ཤིག་ཏུ་གྱུར།

དོན་དངོས་ལ་གཞི་ཚུགས་ཤིང་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱེད་ཐབས་རེ་རེ་ལག་ཏུ་བསྟར་བ་ནི། ཀན་ལྷོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་དང་དམངས་འཚོ་ལེགས་སྒྱུར་གྱི་ལམ་བུ་ཁོ་ན་ཡིན། ཉེ་བའི་ལོ་ཤས་རིང་གད་སྙིགས་གཙང་སེལ་བྱ་རྒྱུ་དེ་རྨ་ཆུ་རྫོང་དངུལ་རྭ་ཡུལ་ཚོ་དར་ཆེན་གྲོང་སྡེའི་འབྲོག་པ་མང་ཚོགས་ཀྱི་གོམས་གཤིས་སུ་གྱུར། ལོ་རེའི་ཟླ་3པའི་ཟླ་སྟོད་དུ་དར་ཆེན་གྲོང་སྡེའི་སྡེ་མི་ཡོངས་ཀྱིས་རང་མོས་ངང་ཁོར་ཡུག་གཙང་སྦྲ་དང་། ཆུ་མགོ། ཆུ་ལམ་བཅས་གཙང་སེལ་བྱས་དང་བྱེད་བཞིན་ཡོད།

བཅའ་ཁྲིམས་ལྟར་སྐྱེ་ཁམས་སྲུང་སྐྱོང་བྱས།

སྐྱེ་ཁམས་ལ་བརྟེན་ནས་ཁུལ་བསྐྲུན་པའི་བསམ་བློ་ནང་བཞིན་ཀན་ལྷོ་ཁུལ་གྱིས་བཅའ་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་བརྟན་སྲུང་བྱས་ཏེ།དོ་དམ་ནན་པོ་དང་ཞིབ་བཤེར་ནན་པོ་རྒྱུན་བསྐྱངས་ཤིང་། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩད་གཅོད་དང་ཐག་གཅོད་བྱས།2017ལོ་ནས་བཟུང་ཁུལ་ཡོངས་ཀྱི་ལས་ཡུལ་དངོས་སུ་ཁྲིམས་བསྟར་ཞིབ་བཤེར་བྱེད་པའི་ཁེ་ལས་2578ཡོད། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་282ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད། དངུལ་ཆད་སྒོར་ཁྲི་884བཅད་ནས་ཁོར་ཡུག་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་ཁག་298ཐག་བཅད་ཡོད།

གྲོས་མོལ་ཐེངས་རེ་རེ་དང་། ཆད་གཅོད་ཐེངས་རེ་རེ། འགུལ་སྐྱོད་ཐེངས་རེ་རེ་ལས། ཀན་ལྷོའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་པའི་ཡིད་ཆེས་དང་ཆོད་སེམས་བསྟན་པར་མ་ཟད། བཅའ་ཁྲིམས་ལ་བརྩི་སྲུང་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གཟབ་ནན་ཡང་མཚོན་པར་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཀན་ལྷོ་ཁུལ་གྱིས་མཁའ་ཆུ་ས་གསུམ་གྱི་སྦགས་བཙོག་འགོག་བཅོས་ཀྱི་གནད་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་ཏེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.79བཏང་ཡོད། སྦགས་བཙོག་འགོག་བཅོས་རྣམ་གྲངས་214ལག་བསྟར་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་ལོ་འཁོར་གྱི་སྦགས་བཙོག་དངོས་པོ་གཙོ་བོ་ཁག་བཞིའི་བཙོག་འབུད་ཉུང་གཏོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་པར་གྲུབ་ཅིང་།དགུང་སྔོན་སྲུང་སྐྱོང་ལས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཕྱིར། རྡོ་སོལ་སྤར་བའི་ཁྲོ་ཐབ་བསྒྱུར་བཀོད་དང་བཅོས་སྐྱོང་སོགས་ལས་འགན་གཙོ་བོ་6ཀུན་ནས་དོན་འཁྱོལ་དང་། བསྟུད་མར་ལོ་ལྔ་རིང་ཞིང་ཆེན་གྱི་ལོ་འཁོར་གྱི་མཁའ་རླུང་སྤུས་ཚད་ཀྱི་དམིགས་འབེན་ལས་འགན་ཀུན་ནས་ལེགས་པར་གྲུབ་ཡོད།2017ལོ་དང་2018ལོར་གཙོས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་ནི་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད་དོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།