ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས2020ལོའི་སློབ་ཐོན་ས་ཁུལ་གྱི་ཡིད་རྟོན་སློབ་ཡོན་རོགས་སྐྱོར་དངུལ་བུན་གཏོང་བའི་ལས་དོན་སྤེལ་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི2020ལོའི་སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་ཡོན་རོགས་སྐྱོར་དངུལ་བུན་གཏོང་བའི་ལས་དོན་ཉེ་ཆར་དངོས་སུ་འགོ་བརྩམས། གསར་འགོད་པས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། མཐོ་རྒྱུགས་ཕྱིར་འགྱངས་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ད་ལོའི་སློབ་ཐོན་ས་ཁུལ་གྱི་ཡིད་རྟོན་སློབ་ཡོན་རོགས་སྐྱོར་དངུལ་བུན་གཏོང་བའི་དུས་ཚོད་འོས་འཚམ་ཀྱིས་ཇེ་རིང་དུ་བཏང་ནས་ཟླ10པའི་ཚེས30ཉིན་མཇུག་སྒྲིལ་རྒྱུ་རེད།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་རྒྱབ་སྐྱོར་བྱེད་པའི་ཤུགས་ཆེ་རུ་གཏོང་ཆེད། དངུལ་བུན་གཏོང་བའི་སློབ་མའི་དཔལ་འབྱོར་གྱི་ཁུར་པོ་སྔར་བས་ཇེ་ཡང་དུ་གཏོང་བ་དང་སློབ་ཡོན་རོགས་སྐྱོར་དངུལ་བུན་གྱི་མ་རྩ་ཕྱིར་འཇལ་བའི་དུས་ཚོད་ལོ3ནས་ལོ5ཡི་བར་ཇེ་རིང་དུ་བཏང་ཡོད་ཅིང་། ད་དུང་སློབ་ཡོན་རོགས་སྐྱོར་དངུལ་བུན་གྱི་མ་རྩ་ཕྱིར་འཇལ་བའི་དུས་བཀག་ལ་སླེབས་མེད་པ་ཡིན་ཚེ། དངུལ་བུན་གཡར་བའི་སློབ་མས་རེ་འདུན་ཞུས་ནས་དངུལ་བུན་ཕྱིར་འཇལ་བའི་འཆར་གཞི་བསྒྱུར་བཅོས་བྱ་དགོས། ཐོག་མའི་གན་རྒྱའི་ནང་གཏན་ཁེལ་བྱས་པའི་དངུལ་བུན་འཇལ་བའི་དུས་བཀག་ལོ5ཡི་བར་དུས་འགྱངས་བྱས་ཆོག ད་ལོར་གསར་དུ་གན་རྒྱ་བཞག་པའི་སློབ་ཡོན་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་ཁྲོམ་རའི་གོང་ཚད་ཞུ་བའི་སྐྱེད་ཀའི(LPR)གཞི་གནས30ཡིས་ཉུང་དུ་བཏང་ནས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་སློབ་གསོར་དབུལ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་ཆེད། ཀན་སུའུ་ཞིང་ཆེན་གྱི་དབུལ་ཞྭ་ཕུད་མེད་པའི་རྫོང8དང་དེ་བཞིན“ཁུལ་གཉིས་དང་རྫོང་གཅིག”གི་སློབ་མ། ཡིག་ཚགས་བྱང་བུ་ཅན་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་བཅས་ཀྱིས་དངུལ་བུན་གཡར་ཚད་མཐོ་རུ་བཏང་ནས་དངུལ་བུན་འདང་ངེས་གཡར་ཆོག

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ7པའི་ཚེས20ཡི་ཉིན། ཀན་སུའུ་ཞིང་ཆེན་གྱིས་སློབ་ཐོན་ས་ཁུལ་གྱི་ཡིད་རྟོན་སློབ་ཡོན་རོགས་སྐྱོར་དངུལ་བུན་སློབ་མ172ལ་དངུལ་བུན་བཏང་བ་དང་། དངུལ་བུན་གཡར་ཚད་བསྡོམས་པས་སྒོར་ཁྲི110ལ་སླེབས། ད་ལོར་སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་སུ་སློབ་མ་དབུལ་པོ་ཁྲི34ཡིས་དངུལ་བུན་གཡར་རྒྱུ་ཡིན་པ་དང་། དངུལ་བུན་གཏོང་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར21ལ་སླེབས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།