ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཡུལ་སྐོར་རྣམ་པ་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དབྱར་ཁ་སླེབས་པའི་ཚུན་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཡུལ་སྐོར་ལས་རིགས་རིམ་བཞིན་སླར་གསོ་བྱུང་སྟེ། ཀན་སུའུ་ལྷོ་རྒྱུད་དུ་གནས་པའི་ཀན་ལྷོ་ཁུལ་དུ་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་ཏེ། རྩྭ་ཐང་གི་རྣམ་པ་མང་བའི་མི་རིགས་ཡུལ་སྲོལ་གོམས་གཤིས་དང“རང་བྱུང་དབྱང་རླུང་མཛོད་ཁང”ལྟ་བུའི་མཛེས་ལྗོངས་དེ་ཡུལ་སྐོར་བའི“རང་དབང་གི་ལྷ་ཡུལ་ཁམས”ལྟ་བུར་གྱུར། ལྷག་པར་དུ་རླངས་འཁོར་སྐོར་ནས་ལམ་ཐག་ཐུང་བར་ཡུལ་སྐོར་བྱེད་པའི་མི་ཇེ་མང་དུ་འགྲོ་བཞིན་ཡོད།

ཀན་ལྷོ་གཞུང་ཕྱོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་ལ། དེའི་ནང་ཁུལ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་ཚང་མར་རིན་མེད་ཀྱིས་སྒོ་ཕྱེས་པའི་སྲིད་ཇུས་ལག་བསྟར་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཚུད་ཡོད།

  ཀན་ལྷོ་ཐེ་བོ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ལི་ཀྲིས་ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་གི་ཡུལ་སྐོར་བ་མང་བའི་དུས་ཚིགས་དང་བསྡུར་ན་ད་ལོའི་ཡུལ་སྐོར་བ་ཕྱེད་ཀས་ཇེ་ཉུང་དུ་ཕྱིན་པ་དང་། མཛེས་ལྗོངས་ཁུལ་དུ་གྲལ་སྒྲིག་མི་དགོས་པས་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་རོལ་མྱོང་བྱེད་པའི་དུས་བཟང་ཞིག་ཏུ་གྱུར། དབྱར་ཁའི་རྗེས་སུ་ས་གནས་ཀྱི་ཡུལ་སྐོར་ལམ་ཐིག་རིམ་བཞིན་སླར་གསོ་བྱུང་ནས་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་ཉིན་གཉིས་པར་བྲག་སྒམ་ནང་གི་ཡུལ་སྐོར་བ་མི་ཐེངས3500ལྷག་ཙམ་ལ་སྣེ་ལེན་བྱས་པ་རེད།

 ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་ལོ་སྟོད་དུ་ཁུལ་དེས་ཡུལ་སྐོར་བ་མི་ཐེངས་ཁྲི118ལྷག་ཙམ་ལ་སྣེ་ལེན་བྱས་པ་དེས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དམངས་སྒོར་དུང་ཕྱུར6ལྷག་ཙམ་ཟིན།

 གཞན་ཡང་ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཅན་གྱིས་གསར་འགོད་པར་བཤད་རྒྱུར། ཁུལ་དེའི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས16ཚང་མར་ལས་གྲྭའི་སྤྱི་འབོར་གྱི90%ཟིན་ནས། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། ཡུལ་སྐོར་གསང་སྤྱོད། རླངས་འཁོར་འཇོག་ས། མཚོན་རྟགས་བྱང་བུ། ཡུལ་སྐོར་བགྲོད་ལམ། མཛེས་ལྗོངས་ཁུལ་གྱི་ཐོན་རྫས་ཆུང་གྲས་སོགས་ཞབས་ཞུའི་སྒྲིག་བཀོད་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཞེས་བསྟན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།