ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་རྒྱུན་འཛིན་དང་གསར་གཏོད་ཁྲོད་བདེ་ཐང་སྲུང་འཛིན་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པ་ཀླུ་ཆུ་རྫོང་བོད་སྨན་ཁང་དུ་སོང་ནས་རྒྱུས་ལོན་བྱུང་བ་ལྟར། བོད་སྨན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དབང་རྒྱལ་གྱིས་སྨན་རིལ་བུ“ནག་པོ་དགུ་སྦྱོར”ཁྱེར་ནས་ནད་པར་སྨན་ནུས་འཚམས་སྦྱོར་བྱས་པ་དང་། ཀྲུའུ་རེན་སྨན་པ་ཚེ་དབང་རིག་འཛིན་གྱིས་སྨན་ཁང་གི་སྨན་རྫས་མཛོད་ཁང་དུ་བོད་སྨན་མཛོད་ཉར་ལ་ལྟ་ཞིབ་བྱེད་བཞིན་ཡོད་ཅིང་། ནད་གཡོག་པ་གཉིས་ཀྱིས་ནད་པར་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། སྨན་ཁང་དུ་སྨན་དོན་མི་སྣ་བྲེལ་བ་ཆེ་ལ་བྱ་བ་གོ་རིམ་ལྡན།

སྨན་ཁང་གི་འགོ་གཙོ་སྒྲོལ་མ་སྐྱབས་ཀྱིས་ཀླུ་ཆུ་རྫོང་བོད་སྨན་ཁང1981ལོར་བཙུགས་པ་དང་ལོ30ལྷག་གི་འཛུགས་སྐྲུན་དང་འཕེལ་རྒྱས་བརྒྱུད་ནས་རིམ་བཞིན་སྨན་བཅོས་ལྟེ་བར་འཛིན་པ་དང་། བོད་ལུགས་གསོ་རིག་སློབ་ཁྲིད་གསོག་ཉར་དང་ཚན་ཞིབ། སྔོན་འགོག ལུས་ཁམས་བདེ་སྲུང་བཅས་བོད་སྨན་ཐོན་སྐྱེད་དང་གཞི་གཅིག་ཏུ་འདུས་པའི་ཚད་མཐོ་ཤོས་ཀྱི་མི་རིགས་སྨན་ཁང་དུ་གྱུར་ལ། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་བྱ་གཞག་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་། 

མིག་སྔར་ཀླུ་ཆུ་རྫོང་སྨན་ཁང་ནི་རྨ་ཆུ་དང་བསང་ཆུ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་བཅས་ཀྱི་རོང་འབྲོག་མང་ཚོགས་ལ་ཁྱབ་འགྱེད་བྱས་ཡོད། 2019ལོར་སྒོ་བསྟེན་སྨན་བཅོས་ཐེངས་ཁྲི2ལྷག་བྱས་ཤིང་ནད་པ1200སྨན་ཁང་དུ་བསྡད་དེ་ནད་བརྟག་སྨན་བཅོས་བྱས། སྨན་ཁང་བཙུགས་པ་ནས་བཟུང་སྨན་ཁང་དུ་སྡོད་པའི་ནད་པར “སྔོན་ལ་སྨན་པ་བསྟེན་པ་དང་རྗེས་སུ་སྨན་རིན་སྤྲོད་པ”དང “སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི”ཞབས་ཞུའི་རྣམ་པ་ལག་བསྟར་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ (གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ)དང་། ནད་ཆེན་འགན་བཅོལ་རྩིས་ཞུ། དམངས་སྲིད་སྨན་བཅོས་རོགས་སྐྱོབ་ཀྱི“ས་ཚིགས་རྣམ་པའི”རྩིས་རྒྱག་མངོན་འགྱུར་བྱུང་། སྨན་ཁང་ནང་གི་སྨན་རྫས་རྩིས་ཞུ་བྱེད་ཚད80%ཡན་ཟིན་ཡོད་ལ། སྨན་བཅོས་ཀྱི་ཁུར་བོ་ཡང་དུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བོད་ལུགས་གསོ་རིག་ཐད་ཀྱི་དགོས་མཁོ་བསྐངས།

ཀླུ་ཆུ་རྫོང་བོད་སྨན་ཁང་གི་རིག་གནས་མཁར་ངོས་དང་དྲིལ་བསྒྲགས་སྒྲོམ་ར། བར་ཁྱམས། སྨན་བཅོས་ཁང་། ཕྱི་བཅོས་ལྟེ་གནས་ཀྱི་ཚོམས་ཆེན་སོགས་གཞུང་ལས་ས་ཁོངས་དང་སྤྱི་བའི་འདུ་གནས་སུ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས། ས་ཁོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རི་མོའི་སྒྲོམ་གཞི་ཡོད་ཅིང་། ནད་ཁུལ་ཁག་གི་དྲིལ་བསྒྲགས་འགྲེམས་པང་གིས་རིག་གནས་འཛུགས་སྐྱོང་གི་ནང་དོན་ལ་དམ་པོར་དམིགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་འདུ་ཤེས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་གསར་གཏོད་བྱས།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།