ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དུ་དབུལ་སྐྱོར་དངུལ་བུན་གྱིས་རོང་འབྲོག་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་ལ་རོགས་སྐྱོར་བྱས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དངུལ་རྩའི་དབུལ་སྐྱོར་ནི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་མ་རྩ་དང་དབུལ་སྐྱོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། དབུལ་སྐྱོར་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། དབུལ་ཕོངས་རོང་འབྲོག་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཤིང་། “དངུལ་བུན”ལ་བརྟེན་ནས་སྡེ་མི་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱས།

ཝང་མིང་ཀོང་གིས་འགན་ཁུར་བའི་མཉམ་ལས་ཁང་ལ་ཕྱུགས་ར12ཡོད། 2019ལོར་མཉམ་ལས་ཁང་འཕེལ་རྒྱས་དང་རྒྱས་སྐྲུན་བྱེད་པར་མ་དངུལ་མི་ཉུང་བ་དགོས་པའི་ཁར། ནོར་ལུག་ཉོ་སྒྲུབ་ཀྱི་དུས་ཚིགས་ལ་ཐུག་ཡོད་པས། མ་དངུལ་གྱི་དཀའ་ཁག་གིས་ཁོ་རང་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར་སྡེ་བའི་ནང་དུ་འཚམས་འདྲིར་ཡོང་མཁན་སྦྲག་སྲིད་གསོག་འཇོག་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གི་བྱ་བྱེད་མི་སྣས་ཁོ་ལ་རེ་བ་ཆེན་པོ་སྐྱེས་སུ་བཅུག  ཁོའི་གནས་ཚུལ་རྒྱུས་ལོན་བྱུང་རྗེས་འབྲེལ་མཐུད་བྱས་ཏེ། དངུལ་ཁང་གི་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་བཏང་ནས་ཁོ་ལ་ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི100བཏང་། མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྗེས། ཝང་མིང་ཀོང་གིས་ཕྱུགས་ར་བསྐྲུན་རྒྱུ་གཙོ་གནད་དུ་བཞག་ནས་རྒྱས་སྐྲུན་བྱེད་འགོ་བརྩམས།

སྔོན་ཆད་ཀྱི་ཕྱུགས་ར8ལ་ནོར73དང་ལུག934ཡོད་པ་ནས་ད་ལྟའི་ཕྱུགས་ར12ལ་ནོར205དང་ལུག 1400ལྷག་ཡོད་པར་རྒྱ་སྐྱེད་བཏང་། མཉམ་ལས་ཁང་དར་རྒྱས་གོང་འཕེལ་ཕྱིན་པ་དང་བསྟུན་ནས། ཝང་མིང་ཀོང་གིས་ཡང་སྡེ་བའི་ནང་གི་ཁྱིམ་ཚང 20ལྷག་གསོ་ཚགས་ཐོན་ལས་ནང་ཞུགས་པར་སྣེ་ཁྲིད་དེ། ནོར་ལུག་གསོ་ཚགས་བྱས་པ་བརྒྱུད་ཚང་མར་དབུལ་ཐར་ཕྱུག་འགྱུར་བྱེད་རོགས་བྱས།

མཉམ་ལས་ཁང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཕྱིན་པ་མཐོང་སྐབས་ཝང་མིང་ཀོང་གིས་དགའ་བ་ཆེན་པོའི་སྒོ་ནས“སྦྲག་སྲིད་གསོག་འཇོག་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་ནི་འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་ཐོབ་པ་བཞིན་དུ་སྦྲག་སྲིད་གསོག་འཇོག་གི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པས། ང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་བཏང་ནས། ཚང་མའི་དབུལ་ཐར་གྱི་སེམས་ཤུགས་ཆེ་རུ་ཕྱིན”ཟེར།    དངུལ་བུན་འདི་ནི་སྦྲག་སྲིད་གསོག་འཇོག་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གི་ཐོན་ལས་དབུལ་སྐྱོར་དངུལ་བུན་ལྷག་མ་སྒོར་ཁྲི7000ལས་བརྒལ་བའི་གནད་འགག་གལ་ཆེན་ཞིག་ཡིན་པ་མ་ཟད། སྦྲག་སྲིད་གསོག་འཇོག་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་དབུལ་ཐར་མཁྲེགས་གཏོར་ལས་གཞི་ལ་རོགས་སྐྱོར་བྱེད་པའི་ཐད་དུ་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན། །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།