ཀན་ལྷོ་ཁུལ་གྱི་མཛེས་ལྗོངས་ཁུལ་ཚང་མ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་པ།

13.jpg

ཀན་ལྷོ་འབྲུག་ཆུ་རྫོང་གི་ལྷ་རི་དཀར་པོའི་ཡུལ་ལྗོངས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་དབྱང་དང་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་གྱི་སྤྱི་འདོམས་སྐུལ་འདེད་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།  རིག་གནས་ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་ཆེད།  ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་ཞིང་། དེའི་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རིན་མེད་ངང་ཡུལ་སྐོར་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད།

 ཟླ6པའི་ཚེས12ཉིན། ཀན་ལྷོ་ཁུལ་གྱིས《རིག་གནས་ཡུལ་སྐོར་ཁྲོམ་རར་ཕྱོགས་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རིན་མེད་ཡུལ་སྐོར་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ཞིང་། 《བརྡ་ཐོའི》ནང་ཀན་ལྷོ་ཁུལ་གྱིས་མཛེས་ལྗོངས་ཁུལ་རིན་མེད་ངང་སྒོ་མོ་འབྱེད་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། ཡུལ་སྐོར་བས་རང་ཉིད་ཀྱི་ལག་ཁྱེར(ཐོབ་ཐང་ལག་ཁྱེར། ཐེམ་ཐོ། སྡོད་གནས་ལག་ཁྱེར་སོགས)ལ་བརྟེན་ནས་ཁུལ་ནང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་རིན་མེད་ངང་ཡུལ་སྐོར་བྱེད་རྒྱུ་ལོངས་སྤྱོད་བྱས་ཆོག་ལ། མཛེས་ལྗོངས་ཁུལ་གྱིས་སྤ་སེའི་རིན་པ་བསྡུ་བའི་དུས་ཚོད་ཡང་བསྐྱར་བརྡ་གཏོང་རྒྱུ་ཡིན། དུས་མཚུངས་སུ་ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དེ་སྤྱིའི་བཀོད་སྒྲིག་ལ་བརྩིས་ནས་དབྱི་ལི་ཀོན་དང་། བླ་བྲང་། བྲག་དཀར་ནང་། སྟག་ཡུལ་ལུང་བ། ལྷ་དཀར་རི་བོ། སྟག་འབྲུག་རྩྭ་ཐང་། ཀ་ཤུལ་སོགས་གཙོ་གནད་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཆ་སྡེབ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེ་དང་། ལྗོངས་གཟིགས་སྟེགས་བུ་དང་། ཡུལ་སྐོར་གསང་སྤྱོད། རླངས་འཁོར་འཇོག་ས་སོགས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་རིམ་པ་དང་བྱེད་ནུས་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

 ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཐད་ལ《བརྡ་ཐོའི》ནང་བསྟན་དོན། མུ་མཐུད་དུ་རིག་གནས་ཡུལ་སྐོར་གཉེར་སྐྱོང་སྡེ་ཚན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག  ཡུལ་སྐོར་འཛད་སྤྱོད་ཀྱི་དབང་གནོད་སྔོན་སྤྲོད་བྱེད་ཐབས་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱས་ནས། མཛེས་ལྗོངས་ཁུལ་དང་རིག་གནས་ཡུལ་སྐོར་ལམ་ཐིག་ས་ཁོངས་སུ་འགོག་རྐྱེན་བཟོ་ཞིང་། གང་འདོད་དུ་དངུལ་བསྡུ་བའི་འབུར་ཐོན་གནད་དོན་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། རང་དགར་གྱིས་དངུལ་བསྡུ་བ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། མགྲོན་པོར་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་ལུགས་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་སྣ་ཚོགས་ལ་རྩད་ཞིབ་ཐག་གཅོད་ནན་པོ་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།