ཀན་ལྷོ་བོད་རིགས་ས་ཁུལ་དུ་གློག་རྡུལ་གཞི་གྲངས་མཛོད་བཙུགས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཆ་འཕྲིན་སྟོང་ལྷག་སྡུད་འགོད་བྱས་པ།

1587866675448779.jpg

འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་བུད་མེད་ཚོས་དར་གོས་འཐག་རྩལ་སློབ་སྦྱོང་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གི་འགོ་གཙོ་རྟ་མགྲིན་རྒྱལ་གྱིས་ཚེས23ཉིན་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ཁུལ་དེས“མི་དང་། དངོས་པོ། འཚོ་བ་བཅས་མཐོང་བའི”འདུ་ཤེས་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཆ་འཕྲིན1000ལྷག་ཙམ་བསྡུ་རུབ་དང་ལེགས་སྒྲིག་བྱས་ཏེ་ཡི་གེ་དང་བརྙན་པར་གཙོར་བྱས་པའི་གློག་རྡུལ་གཞི་གྲངས་མཛོད་རགས་ཙམ་བཙུགས་པ་དང་བརྒྱུད་ཆད་བྱུང་བའི་རྣམ་གྲངས་ཉར་ཚགས་ཟིན་ཐོར་བཀོད་པ་རེད། 

ལོ་རྒྱུས་ཡུན་རིང་ལྡན་ལ་ས་རྒྱ་ཆེ་བའི་ཀན་ལྷོ་ཁུལ་དུ་ད་ལྟའི་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་དང་། ནང་བསྟན་རིག་གནས། དམངས་སྲོལ་རིག་གནས་བཅས་ཅུང་ཆ་ཚང་བའི་སྒོ་ནས་སོར་ཉར་བྱས་ཡོད་པ་དང་། དེ་ནི་མཚོ་བོད་མཐོ་སྒང་གི་ཆེས་དཔེ་མཚོན་ལྡན་པའི་རང་བྱུང་ཐོན་ཁུངས་དང་མི་ཆོས་ཐོན་ཁུངས་མཉམ་བསྲེས་ཁུལ་དང་འདུས་སྡོད་ཁུལ་ཞིག་ཡིན་ཞིང་། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཟློས་གར། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སོགས་ནང་དོན་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་ཆེན་པོ་བཅུ་བཞག་ཡོད་པ་རེད། 

རྟ་མགྲིན་རྒྱལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་རིག་གནས་སྣ་མང་རང་བཞིན་དང་བདེ་ཐང་གི་རིག་གནས་སྐྱེ་ཁམས་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། ས་གནས་དེ་གར་ཅུང་འཐུས་ཚང་ཡིན་པའི་རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་མ་ལག་བཙུགས་ཡོད་པ་དང་། ད་ལྟ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས8དང་། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས48། ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས192། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས518བཅས་ཡོད་ཟེར། 

1587866675182316.jpg

འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་སྐབས་གསུམ་པའི་བླ་བྲང་རྩེད་རིག་འགྲན་བསྡུར་ཆེ་མོ་བསང་ཁོག་རྩྭ་ཐང་དུ་གཉེར་བའི་ཚུལ་རེད།

གཞན་ཡང་ས་གནས་དེ་གས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཡིག་ཐོག་སྙན་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ8དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ53། ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ340བཅས་ཡོད་པ་རེད། 

ཀན་ལྷོ་ཁུལ་གྱིས་རྒྱུན་འཛིན་པས་གསར་སྤེལ་ཐོན་སྐྱེད་བྱས་ནས་དབུལ་སྐྱོར་ལས་ཞུགས་བཟོ་ཁང་འཛུགས་པར་སྐུལ་ལྕག་བྱས། མིག་སྔའི་བར། ཀན་ལྷོའི་བོད་རིགས་ཐང་ག་དང་ཅོ་ནེའི་སྣག་ཀོང་བཟོ་རྩལ་སོགས་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཙོར་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཐོན་སྐྱེད་དང་ལས་སྣོན་ཁེ་ལས18ཟིན་པ་དང་གཞི་རྩའི་ཆ་ནས་གཞན་བརྟེན་ནས་རང་བརྟེན་བར་གྱི་བསྒྱུར་བཀོད་ལེགས་འགྲུབ་བྱུང་ཡོད། 

ད་ལོར། ཀན་ལྷོ་ཁུལ་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་དམིགས་ཚད་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་ཏུ་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་མ་ལག་བཙུགས་ནས་ས་གནས་དེ་གའི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་དྲ་རྒྱའི་ཞབས་ཞུའི་ནང་དོན་ནང་བཅུག་སྟེ་དམངས་ཚོགས་ཀྱིས་འདྲི་རྩད་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།