ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཀྲུང་ལུགས་སྨན་རྩྭ་ཡིས་ཀན་ལྷོ་འབྲོག་པའི་ཡོང་འབབ་འཕར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཟླ་དཀྱིལ་དུ་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཤང་གི་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྟེན་གནས་སུ་སྨན་རྩྭ་འདེབས་འཛུགས་ཁྱིམ་ཚང་དག་གིས་ཞིང་ནང་དུ་ས་བསབས་ནས་ལྕུམ་རྩྭ་འདེབས་པར་གྲ་སྒྲིག་བྱས། ལོ་མང་པོར་འདུལ་གསོ་བྱས་པ་བརྒྱུད་གྲང་ཁུལ་དུ་ཐོན་པའི“གདོད་མ”དང“ལྷད་མེད་རང་བྱུང”སོགས་ཀྱི་མཚན་སྙན་ལྡན་པའི་ཀྲུང་ལུགས་སྨན་རྩྭ་ཁག་གཅིག་མིའི་ཐབས་ཀྱིས་འདེབས་འཛུགས་བྱེད་པའི་དུས་མཚམས་སུ་སླེབས་པ་དང་དེ་དག་རྒྱལ་ནང་དང་ཨེ་ཤེ་ཡ་ཤར་ལྷོ་དང་། འཇར་པན། ཧན་གོ་སོགས་ལ་ཕྱིར་འཚོང་བྱེད་བཞིན་ཡོད། 

 ས་བབ་མཐོ་ཚད་སྨི3000ལྷག་ཙམ་གྱི་མཐོ་སྒང་དུ་འདེབས་འཛུགས་བྱས་པའི་ཀྲུང་ལུགས་སྨན་རྩྭ་དེ་དག་འབྲོག་པས་ཐབས་ལམ་མང་པོར་བརྟེན་ནས་ཡོང་འབབ་འཕར་བའི“གཙོ་ཤུགས”སུ་གྱུར་ཡོད་ལ།བསང་ཆུ་རྫོང་ཐང་དཀར་ནང་ཤང་རོང་བོ་ལམ་སྲིད་འཛིན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱལ་ལོ་ཡིས། དོན་དངོས་སུ་ལོ་གཉིས་གསུམ་གྱི་སྔོན་དུ་མིའི་ཐབས་ཀྱིས་སྨན་རྩྭ་འདེབས་གསོ་ཚོད་ལྟ་བྱེད་སྐབས་མི་རྣམས་ཀྱི“དོན་མེད་དུ་དཀའ་ལས་མྱངས་བ”“གང་འདོད་བྱེད་པ”སོགས་ཀྱི་དོགས་པ་ཟ་བའི་སྐད་ཆ་ཐོས་ཀྱང་། རྗེས་སུ་རང་གནས་སུ་འདེབས་འཛུགས་བྱས་པའི་ཀྲུང་ལུགས་སྨན་རྩྭ་རིམ་བཞིན་ཕན་འབྲས་ཐོབ་པས་འབྲོག་པ་ཚོའི་ཧུར་སེམས་ད་གཟོད་ཆེ་རུ་ཕྱིན་པ་རེད་ཅེས་བཤད།

ན་ནིང་རྒྱལ་ལོས་གཙོ་འགན་འཁུར་བའི་ས་གནས་ཀྱི་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཀུང་སི་ཞིག་གིས་ཁེ་སྤོགས་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ79ཡི་ཡོང་འབབ་འཕར་དུ་བཅུག་པ་དང་། ཡང་ཁོང་གིས་འབྲོག་པ་མང་པོའི་དང་ལེན་དང་རྒྱབ་སྐྱོར་འོག་ད་ལོར་སྨན་རྩྭ་འདེབས་འཛུགས་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཀན་ལྷོ་ཁུལ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་མཚམས་སུ་གནས་པས་ཀན་སུའུ་ཞིང་ཆེན་གྱི་སྨན་རྩྭ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ས་ཁོངས་སུ་སྐྱེས་པའི་རང་བྱུང་གི་རི་སྐྱེས་སྨན་རྩྭའི་རིགས850ལྷག་ཙམ་ཟིན་ལ། སྨན་རྩྭ་གསོག་ཉར་བྱེད་ཚད་སྤྱི་རྒྱ་ཁྲི5243ལ་སླེབས་པ་མང་ཆེ་བ་ས་བབ་མཐོ་ཚད་སྨི3000ཡན་དུ་སྐྱེས་ཡོད།

ཀན་ལྷོ་ཁུལ་གྱི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀན་ལྷོ་ནི་མཐོ་སྒང་དུ་གནས་པ་དང་། ཉི་འོད་ཕོག་པའི་ཐོན་ཁུངས་ལེགས་ལ། ནད་འབུའི་གནོད་འཚེ་ཉུང་བས། ཀྲུང་བོད་ལུགས་ཀྱི་སྨན་རྩྭའི་སྤུས་ཚད་འགན་ལེན་ཐུབ་པ་དང་། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཡིས་ཀྲུང་བོད་ལུགས་གསོ་རིག་གི་ཐོན་ལས་ལ་བརྟེན་ནས་སྨན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞིབ་འཇུག་སྒྲིག་གཞི་འཛུགས་པར་འཐུས་ཚང་དུ་བཏང་ནས། ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག  རིགས་བསྒྱུར་རིམ་སྤར་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ལ་སྐུལ་འདེད་བྱས།

  ཀྲའོ་ལིན་ཡུན་གྱིས་བསྟན་དོན། ཀན་ལྷོ་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཀྲུང་བོད་ལུགས་གསོ་རིག་གི་ཐོན་ཁུངས་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་གི་རིག་གནས་ལེགས་ཆ་འདོན་སྤེལ་བྱས་ནས། སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་སོགས་ཀྱིས་ཀྲུང་བོད་ལུགས་གསོ་རིག་གི་སྨན་རྩྭ་སྔར་བས་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཆབས་ཅིག་ཏུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞིབ་འཇུག་ཆེད་མཁས་མི་སྣ་དང་ཤེས་ལྡན་ཅན་ནང་འདྲེན་གསོ་སྐྱོང་བྱས་ནས། ཀྲུང་བོད་ལུགས་གསོ་རིག་གི་ཚན་ཞིབ་གྲུབ་འབྲས་དང་ཤེས་རིག་ཐོན་དབང་ཁྱབ་ཁོངས་སུ་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།