རྔ་བ་ཁུལ་ཟུང་ཆུ་རྫོང་གིས་མ་དངུལ་སྒོར་ཁྲི7000བཏང་ནས་སྐྱེ་ཁམས་ཞིང་ལས་གསར་གཏོད་གླིང་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གིས་གཅིག་གྱུར་འཆར་འགོད་ཀྱི་བསམ་ཕྱོགས་གཞིར་བཟུང་། གྲོང་ཚོའི་གཡེར་མའི་རྟེན་གཞི་དང་མཛེས་སྡུག་ལྡན་པའི་རང་བྱུང་རི་ཆུ་བེད་སྤྱོད་བྱས་ཏེ་སྤྲོ་གསེང་ལྟ་སྐོར་དང་། ཞིང་ལས་ཉམས་ལེན། ལུས་རྩལ་སྦྱོང་བརྡར་བཅས་གཞི་གཅིག་ཏུ་འདུས་པའི་གཡེར་མ་བརྗོད་གཞི་ཡིན་པའི་སྤྱི་གླིང་ཞིག་བསྐྲུན་རྩིས་ཡོད། ཅེས་བཅིངས་འགྲོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཁྲེང་གིས་ངོ་སྤྲོད་བྱས།

བཅིངས་འགྲོལ་གྲོང་ཚོར་དུད་ཚང226དང་མི760ཡོད་པ་དང་། 2015ལོ་ནས་བཟུང་གྲོང་ཚོའི་ནང་གཞི་ཁྱོན་ཆེན་པོས་གཡེར་མ་འདེབས་འཛུགས་བྱས་པར་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ད་ལྟ་གྲོང་ཚོའི་གྲོང་མི99%ཚང་མས་གཡེར་མ་འདེབས་བཞིན་ཡོད་པ་དང་བསྡོམས་པས་གཡེར་མ་མུའུ1000ལྷག་ཙམ་འདེབས་ཀྱིན་ཡོད། ཆེས་མཐོ་བའི་སྐབས་སུ་གྲོང་ཚོ་ཡོངས་ཀྱི་གཡེར་མའི་ཐོན་རྫས་རིན་ཐང་སྒོར་ཁྲི1200ཟིན་པ་རེད།

ན་ནིང་གི་ཟླ7པར་ཟུང་ཆུ་རྫོང་གིས《སྐྱེ་ཁམས་ཞིང་ལས་གསར་གཏོད་གླིང་འཛུགས་སྐྲུན་ཇུས་གཞི(2019ལོ་ནས2022ལོའི་བར)》ཡི་བརྡ་སྦྱོར་འགྲེམས་སྤེལ་བྱས་པའི་ནང“ཆེས་འཚམ་པ་དང་། ཆེས་ལེགས་པ། ཁྱད་ཆོས་ལྡན་པ”བཅས་ཀྱི་རྩ་དོན་གཞིར་བཟུང་བསྡོམས་པས་མ་དངུལ་སྒོར་ཁྲི7000བཏང་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཞིང་ལས་གསར་གཏོད་གླིང་དེ“1+5”ཡི་བཀོད་པ་ལྟར། ཟུང་ཆུ་རྫོང་གི་ལྗང་མདོག་སྐྱེ་ཁམས་གླིང་གིས་སྤྱི་འདོམས་བྱས་ཏེ་གཡེར་མ་བརྗོད་གཞི་ཡིན་པའི་སྤྱི་གླིང་དང་། ཁྲོན་ཀྲུའུ་དགོན་ལྷོ་རིའི་སུང་པེ་ཞིང་ལས་མེ་ཏོག་ལྡུམ་ར། ས་མཐོའི་སྐྱེ་ཁམས་སྔོ་ཚལ་གླིང་། ས་དམར་བོད་ཕག་གསོ་སྤེལ་ར་བ། གནས་མཆོག་མེ་ཏོག་གི་རྒྱ་མཚོ་བཅས་ཐོན་ལས་ཀྱི་བྱེད་ནུས་ཁུལ་ལྔ་བསྐྲུན་ཏེ་ཟུང་ཆུའི་གཡེར་མ་དང་། ཟུང་ཆུའི་སྙི་བ། ཟུང་ཆུའི་ཨོ་སུན། ཟུང་ཆུའི་བོད་ཕག་བཅས་ཀྱི་ཞིང་ལས་སྤུས་རྟགས་ཆེན་པོ5ཆེ་རུ་བཏང་བ་རེད།

“འཆར་འགོད་ལ་བརྟེན་ནས་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་ཐོན་ལས་སྦྲེལ་ཐག་བཙུགས་ཏེ་ཟུང་ཆུའི་དྲི་ཞིམ་རྫས་དང་། ཀྲུང་ལུགས་སྨན་རྫས། སྔོ་ཚལ། འབྲོག་ལས་བཅས་ཐོན་ལས་ཁྱུ་ཚོགས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།”ཅེས་ཟུང་ཆུ་རྫོང་ཏང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཧོ་ཞའོ་ཡིས་བཤད། རྫོང་དེའི་ད་དུང་གཡེར་མ་དང་བོད་ཕག་བཅས་ཐོན་ལས་ཀྱི་འཁོར་རྒྱུག་དཔལ་འབྱོར་དང་། གསར་གཏོད་ཞིང་ལས། ཞིང་ལས་ཉམས་ལེན། དྲ་ཐོག་སྐད་གྲགས་ཆོད་པའི་ཕན་འབྲས་སོགས་ཀྱི་ནུས་པ་གཙོ་གནད་ཐོག་རྒྱ་སྐྱེད་དུ་བཏང་བ་རེད།2022ལོར་སླེབས་སྐབས་ཟུང་ཆུའི་སྐྱེ་ཁམས་ཞིང་ལས་གསར་གཏོད་གླིང་དེ་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་ངམ་ཡང་ན་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བསྐྲུན་རྒྱུར་བརྩོན་ལེན་བྱ་རྒྱུ་རེད། དེའི་ནང་གཡེར་མ་མཚོན་བྱེད་དུ་བྱས་པའི་དྲི་ཞིམ་རྫས་ཐོན་ལས་དང་སྙི་བ་མཚོན་བྱེད་དུ་བྱས་པའི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གླིང་ཁུལ་ཧྲིལ་པོའི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད90%ཡན་བཟུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།