ཀྲུང་གོ་བོད་ཀྱི་དྲ་བ།

བོད་གྲོང་ཀ་ཤུལ་གྲོང་ཚོའི་དབུལ་ཐར་གྱི་ལམ་བུ་གསར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.png

འདི་ནི་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོའི་ཕྱིའི་བཀོད་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས10ཉིན་ཀན་སུའུ་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བརྗོད་དོན་གཙོ་བོའི་སྨྱན་སྦྱོར་ཡོངས་ཀྱི་མཉམ་སྡེབ་བཅར་འདྲི་ཚོགས་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་བསྐྱོད་པ་དང་། གནས་དེར་ཐོན་པ་ན་མིག་ལམ་དུ་འཆར་བ་ནི་གཡའ་དག་པ་ནམ་མཁའ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་རེད། ལམ་དཀྱོག་མཚམས་སུ“ཀ་ཤུལ་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་གྱི་བོད་གྲོང་དང་པོ”ཞེས་པའི་སྒོ་ཆེན་མཐོང་ཡོང་ལ། བོད་ལུགས་སྡོད་ཁང་སྟར་བ་རེ་རེ་བཞིན་གྲལ་སྒྲིག་པ་དང་རྒྱལ་སྒོའི་རི་མོ་ཚོན་མདངས་རྣམ་པར་བཀྲ་བ། བོད་རིགས་ཨ་མས་རྩེད་འཇོར་རོལ་བའི་ཕྲུ་གུ་འཁྲིད་བཞིན་པ་སོགས་དགའ་བདེ་བག་ཕེབས་ཀྱི་རྣམ་པ་མངོན་ཡོད། 

ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་གཙོ་གནད་ཐོག་བསྐྲུན་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་མཚོན་གྲོང་ཚོ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་ཞིག་རེད། 2018ལོར་ཀ་ཤུལ་གྲོང་ཚོར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་བྱ་དགའ་ཐོབ་པ་དང2019ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ་སྐོར་དང་པོའི་ནང་ཚུད་པ་རེད། ལོ་འགའི་སྔོན་ཀ་ཤུལ་གྲོང་ཚོ་ནི་བོད་རིགས་ས་ཁུལ་གྱི་རོང་འབྲོག་པ་དབུལ་པོ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཞིག་རེད། 

༢.png

འདི་ནི་མཚོ་ཉིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཀ་ཤུལ་གྲོང་ཚོའི་གྲོང་མིས་གསར་འགོད་པས་བཅར་འདྲི་དང་ལེན་བྱས་ནས་མང་ཚོགས་འཚོ་བའི་འཕོ་འགྱུར་གླེང་བཞིན་པ།

ཀ་ཤུལ་གྲོང་ཚོ་ནི་ལན་ཀྲོའུ་ནས་སི་ཁྲོན་གཟི་ཚ་སྡེ་དགུ་བར་གྱི་ཡུལ་སྐོར་ལམ་ཐིག་ཐོག་གི་ངེས་པར་བརྒྱུད་དགོས་པའི་གནས་ཤིག་ཡིན་པ་དང་། མཐའ་འཁོར་དུ་མཚོ་ཉིན་མཚོ་དང་སྟག་ཚང་ལྷ་མོ་དགོན། རྫས་ཚའི་བྲག་རྫོང་སོགས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་དག་ཡོད་པ་མ་ཟད། དེ་དང་ཆབས་ཅིག་ཏུ་རྩྭ་ཐང་གི་ཕྱུགས་འཚོ་བའི་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ཀྱང་ལྡན་པས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡོད། 

༣.png

འདི་ནི་གཙང་ཞིང་གྲལ་འགྲིག་པའི་ཀ་ཤུལ་གྲོང་ཚོའི་བོད་ལུགས་སྡོད་ཁང་རེད། 

ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། དབུལ་སྐྱོར་གསར་འབྱེད་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 

༥.png

འདི་ནི་ཀ་ཤུལ་གྲོང་ཚོའི་གྲོང་མི་སངས་རྒྱས་རྒྱ་མཚོས་གསར་འགོད་པར་རང་ཉིད་དང་ཡུལ་སྐོར་བའི་མཉམ་པར་སྟོན་བཞིན་པ། 

༤.png

འདི་ནི་ཀ་ཤུལ་གྲོང་ཚོའི་གྲོང་མི་སངས་རྒྱས་རྒྱ་མཚོ་ཚང་གི་བདེ་སྐྱིད་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་རེད། 

དེང་སྐབས། ཀ་ཤུལ་གྲོང་ཚོས་བོད་གྲོང་མི་རིགས་སྤྲོ་གསེང་གྲོང་ཚོ་དང་། སྦྲ་གུར་གྲོང་། གྲོང་ཚོའི་རྟེན་རྫས་བཤམས་མཛོད་ཁང་། རིག་གནས་སྤྲོ་གསེང་ཐང་ཆེན། གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་བཅས་བསྐྲུན་པས་རོང་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། འབྲོག་པ་མང་པོ་ཞིག་གིས་ཕྱུགས་ཟོག་བཙོངས་ནས་རོང་འབྲོག་སྤྲོ་སྐྱིད་ཁང་བཙུགས་ཏེ་སྦྱིན་བདག་ཏུ་གྱུར་བས་ཕུན་སུམ་ཚོགས་པའི་འཚོ་བ་རོལ་བཞིན་ཡོད་ལ། རྩྭ་ཐང་གི་སྐྱེ་ཁམས་ཀྱང་རིམ་བཞིན་སླར་གསོ་བྱུང་ཡོད། 

༦.png

འདི་ནི་ཀ་ཤུལ་གྲོང་ཚོས་“སྦྲ་གུར་གྲོང་”བཏོད་པའི་རྣམ་པ་རེད།

༧.png

འདི་ནི་ཀ་ཤུལ་གྲོང་ཚོར་སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་པ། 

ཀ་ཤུལ་གྲོང་ཚོ་མཚོན་བྱེད་དུ་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་དེ་ཆ་ཤས་ནས་སྤྱི་ཡོངས་བར་དང་ཐར་ཐོར་ནས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བར་འགྱུར་ལྡོག་བྱུང་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་འཕར་གཞི་གསར་པར་གྱུར་ཡོད། རྒྱུས་ལོན་བྱུང་བར་གཞིགས་ན། 2016ལོ་ནས2019ལོའི་བར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་ཅུང་ལེགས་པ་དང་ཡུལ་སྐོར་ཞབས་ཞུའི་ནུས་པ་ཆ་ཚང་བའི་ཡུལ་སྐོར་ཆེད་ལས་གྲོང་ཚོ167བསྐྲུན་པ་དང་ཀ་ཤུལ་གྲོང་ཚོ་ཚུད་པའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ1303དང་རོང་འབྲོག་སྤྲོ་སྐྱིད་ཁང1449བསྐྲུན་པ་རེེད། 2019ལོར་ཁུལ་ཡོངས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི380སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར4.8མངོན་འགྱུར་བྱུང་ཡོད། ཁུལ་ཡོངས་ཀྱི་དུད་ཚང8268དང་མི་ཁྲི2.7གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དབུལ་ཐར་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།