ཅོ་ནེ་རྫོང་གིས་ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་བསྟུད་མར་གྱི་རིང་ལ། ཅོ་ནེ་རྫོང་ཁྲལ་དོན་ཅུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསེད་བཀྲོལ་བྱས་ཏེ། དྲ་ཚིགས་གཙོ་བོ་དང་སྐད་འཕྲིན་སོགས་དྲ་ཐོག་ལས་སྟེགས་དང་དེ་བཞིན་གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རྫོང་ཡོངས་ཀྱི་ཁྲལ་འཇལ་བར་རྒྱུས་ལོན་དང་ཤེས་རྟོགས་བྱུང་དུ་བཅུག དེ་དང་ཆབས་ཅིག་སྲིད་ཇུས་དྲིལ་བསྒྲགས་རོགས་སྐྱོར་ཚོགས་པ་བཙུགས་ནས་རྫོང་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐད“གཅིག་གཏད་གཅིག”གི་གནད་ཁེལ་རོགས་སྐྱོར་བྱས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་པར་ཤུགས་བསྣན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་བདེ་བླག་ངང་དོན་འཁྱོལ་ཐུབ་པ་འགན་ལེན་བྱས།

ཅོ་ནེ་རྫོང་རླངས་འཁོར་འབབ་ཚུགས་ནི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གཙོ་གནད་ཁེ་ལས་ཀྱི་གྲས་ཤིག་ཡིན། ཀུང་སི་དེར་མྱུར་དུ་འཛིན་བྱང་དགོས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། རྫོང་ཁྲལ་དོན་ཅུས་ཀྱིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་གློག་རྡུལ་ཁྲལ་དོན་ཅུས་ལ་གནས་སྐབས་འཛིན་བྱང་མང་དུ་གཏོང་རྒྱུའི་རེ་ཞུ་བྱེད་རོགས་བྱས་པ་དང་། ཁྲལ་དོན་ཁང་གི་བྱ་བྱེད་མི་སྣས་དུས་ཐོག་ཏུ་ཁེ་ལས་ལ་ཞིབ་བཤེར་ཆོག་མཆན་བཀོད་ཅིང་། ཁེ་ལས་དེར་འགྲུལ་སྐྱེལ་ཆེད་སྤྱོད་འཛིན་བྱང་སྦྲག་ཐོག་བརྒྱུད་ནས་དུས་ཐོག་ཏུ་འཛིན་བྱང་ལག་ཏུ་འབྱོར་བར་བྱས།

སྲིད་ཇུས་དྲིལ་བསྒྲགས་རོགས་སྐྱོར་ཚོགས་པ་ཅོ་ནེ་རྫོང་ཏེ་ཐུང་བཟའ་བཏུང་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སིར་སོང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐབས་ཀྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་བྱས་ཏེ། མིག་སྔར་ཁེ་ལས་ལ་མ་དངུལ་མི་འདང་བའི་གནད་དོན་ཤེས་རྟོགས་བྱུང་ཤིང་། ཁྲལ་དོན་ལས་བྱེད་པས་ཀུང་སི་དེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་འབྲེལ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་གནས་ཐང་འཕར་ཁྲལ་རྩ་ཆག་བཏང་།

ཅོ་ནེ་རྫོང་ཁྲལ་དོན་ཅུས་ཀྱིས“གང་ཐུབ་ཀྱིས་དྲ་ཐོག་ནས་གཉེར་བའི”རྩ་དོན་གཞིར་བཟུང་སྟེ། ཁྲལ་འཇལ་མཁན་གྱིས་གློག་རྡུལ་ཁྲལ་དོན་ཅུས་དང་ཁ་པར་གྱི APP སྦྲག་ཐོག་ནས་བསྐུར་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཁྲལ་དོན་ལས་སྒོ་གཉེར་རྒྱུར་ཁྲིད་སྟོན་བྱས་ཤིང་། ཁེ་ལས་ཆུང་གྲས་ཀྱི་ཁུར་བོ་ཡང་དུ་བཏང་ནས་ཁྲལ་འཇལ་བ་ཕྱི་རུ་འགྲོ་མི་དགོས་པར་ཁྲལ་བསྡུའི་ལས་སྒོ་སྒྲུབ་ཐུབ་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པས། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་ཡོང་འབབ་བརྟན་པོ་འཕར་བར་རམ་འདེགས་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།