གངས་ལྗོངས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་བཅོས་ནུས་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་ནན་ཧྲན་ཡོན་ཧྲི་ཡིས་ཀན་སུའུ་ཡི་རིམས་ནད་སྔོན་འགོག་བྱ་བར་གདེང་འཇོག་མཐོན་པོ་བྱས་ཤིང་བོད་ཀྱི་གསོ་རིག་སྨན་རྫས་ཞིབ་འཇུག་ཐད་རེ་བ་ཆེན་པོ་བཅངས་ཡོད།

 ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་ཚན་ཆུང་གི་ཚན་གཙོའམ་ཀྲུང་གོ་ཇུས་འགོད་གླིང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀན་སུའུ་ཏོག་དབྱིབས་གློ་ཚད་འགོག་བཅོས་རིགས་གཅིག་མཁས་ཅན་ཚན་ཆུང་གི་བརྙན་བརྡའི་ཚོགས་འདུ་འཚོགས་ནས་ཀྲུང་ནན་ཧྲན་གྱིས་ཀན་སུའུ་ཡི་ཏོག་དབྱིབས་གློ་ཚད་འགོག་བཅོས་བྱ་བར་གདེང་འཇོག་མཐོན་པོ་གནང་སྟེ། ཀན་སུའུ་ཡི་བྱ་སྤྱོད་མངོན་ཚུལ་མངོན་གསལ་དོད་པ་དང་ལྷག་པར་དུ་ཧུའུ་པའེ་ལ་རོགས་སྐྱོར་དང་ཕྱི་ནས་ཡོང་བའི་ནད་དཔེ་བཅོས་སྐྱོབ་བྱེད་པའི་འཐབ་ཕྱོགས་གཉིས་ཀྱི་བྱ་སྤྱོད་ལ་བསྔགས་བརྗོད་བྱས། མིག་སྔར། རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ཀྱི་འགག་རྩའི་དུས་སྐབས་སུ་ཀན་སུའུ་ནི་མངའ་ཁོངས་ཕྱིའི་ནད་དཔེ་སྔ་མོ་ནས་བསྡུ་ལེན་བྱ་མཁན་གྱི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་ལས་འགན་སྔར་བཞིན་ལྕི་མོ་ཡོད། ཀྲུང་ནན་ཧྲན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཀན་སུའུ་ཡི་ལས་རིགས་གཅིག་པའི་སྨན་པ་ཚོ་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།

ཚོགས་འདུའི་ཐོག་ཀྲུང་ནན་ཧྲན་གྱིས་ཏོག་དབྱིབས་གློ་ཚད་ཀྱི་ནད་ལྕི་མོ་སྔོན་འགོག་བྱ་རྒྱུ་ནི་གཙོ་གནད་ཡིན་པ་དང་། བོད་སྨན་ཁག་ཅིག་གིས་ནད་པའི་ནད་གཞི་ཡང་དུ་གཏོང་ཐུབ་པ་འདི་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། ཀན་སུའུ་ཡིས་དབྱི་རན་སོགས་ཕྱི་ནས་ཡོང་བའི་ནད་དཔེ་བཅོས་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་ནད་གཞི་ཡང་མོའི་ནད་སྔོན་འགོག་བྱས་ནས་ནད་གཞི་ལྕི་མོ་རུ་འགྱུར་དུ་མ་བཅུག་པ་དེ་ནི་དོན་དག་གལ་ཆེན་ཞིག་ཡིན། ཁོང་གིས་བོད་སྨན་གྱི་གློ་ཚད་གསར་བ་འགོག་བཅོས་ཐད་ནད་རྟགས་ཆུང་དུ་གཏོང་བ་དང་ཚ་བ་རྒྱས་པའི་དུས་ཚོད་ཐུང་དུ་གཏོང་བ། ནད་དུག་གི་ཐེག་ཚད་ཉུང་དུ་གཏོང་བར་ཕན་ནུས་ཐོན་པ་དེ་སྔར་བས་ཞིབ་འཇུག་བྱས་ནས། ཀན་སུའུ་དང་རྒྱལ་ནང་ལ་ཁྱབ་སྤེལ་བྱ་དགོས་པ་མ་ཟད། ཐ་ན་ཕྱི་རྒྱལ་དུ་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བཤད།  ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའོ་ཡུས་ཧྥང་གྱིས་བརྙན་བརྡའི་ཚོགས་འདུའི་ཐོག་ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པའི་མཛུབ་ཁྲིད་འོག་ཀན་སུའུ་ཡི་གསོ་རིག་ཐོན་ཁུངས་དང་ཡོན་ཧྲིའི་ཚོགས་པའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ཐད་མཉམ་ལས་བྱས་ཏེ་ལེགས་ཆ་གསབ་རེས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་ཞུ་བྱས། ཀུའོ་ཡུས་ཧྥང་གིས་ཀན་སུའུ་ཞིང་ཆེན་གྱི་ས་གནས་ཀྱི་ནད་དཔེ་དང་།  ཧུའུ་པའེ་ནད་དཔེ་དང་དབྱི་རན་གྱི་ནད་དཔེ་བཅས་ལ་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་དང་།  དེ་བཞིན“ཀན་སུའུ་ཡི་སྨན་སྦྱོར”གྱི་གློ་ཚད་རིམས་ནད་འགོག་པའི་ཁྲོད་ཀྱི་གྲུབ་འབྲས་དང་ལེགས་ཆ་ངོ་སྤྲོད་བྱས།

ཀན་སུའུ་ཞིང་ཆེན་གྱིས་ཧུའུ་པའེ་ལ་རོགས་སྐྱོར་བྱེད་པ་དང་ཕྱི་ནས་ཡོང་བའི་ནད་པ་བཅོས་སྐྱོབ་བྱེད་པ་ཕུད། རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲད་པ་རེད། རིམས་ནད་ཐོན་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་ཏེ“ནད་མ་བྱུང་གོང་སྔོན་འགོག་དང་། ནད་ཐོན་རྗེས་ངན་འགྱུར་ལ་སྔོན་འགོག ནད་གཞི་དྲག་རྗེས་སླར་འབྱུང་ལ་སྔོན་འགོག”བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྔོན་འགོག་དང་། སྨན་བཅོས། ནད་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་རྒྱུར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ཀན་སུའུ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་སྨན་ཁང་ནས་ནད་པ89དྲག་པ་དང་། ནད་དཔེ་གཉིས(གཅིག་ནི་མ་གཞི་ནས་ནད་མང་བོ་ཕོག་མཁན་ཞིག་ཡིན)ཤི་བ། སྨན་ཁང་དུ་བསྡད་ནས་སྨན་བཅོས་ཐུབ་ཚད 97.8%ཟིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། “ཀན་སུའུ་ཡི་སྨན་སྦྱོར”དེ་སྔོན་འགོག་ཐད་དང་། སྨན་བཅོས་ཐད།  གློ་བ་གཙང་མ་བཟོ་བའི་ཐད་ནད་གསོའི་ཕྱོགས་དང་བོད་ཀྱི་སྨན་ཐོ་བཅས་སུ་དབྱེ་ཡོད། བོད་སྨན་གྱི་སྨན་ཐོ་དེ་གློ་ཚད་གསར་བ་འགོག་བཅོས་བྱེད་པའི་རིགས་ཀྱི་སྨན་སྣ་སྟེ། སྔོན་འགོག་གི་དུས་མཚམས་སུ་འཕྲུལ་ཐང་རིལ་བུ་དང་། སྨན་བཅོས་ཀྱི་དུས་མཚམས་སུ་ནད་པ་དཀྱུས་མར་འཕྲུལ་ཐང་རིལ་བུ་དང་ལོ་གྱོན་མའི་རིལ་བུ་སྤྱད་དེ་སླར་གསོ་བྱེད་པའི་དུས་མཚམས་སུ་རིན་ཆེན་མང་སྦྱོར་གྱི་སྤྱིན་ཐུམ་སྨན་སྤྱོད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དེ་དང་ཆབས་ཅིག་ཀན་སུའུ་སྨན་བཅོས་རུ་ཁག་གིས“ཀན་སུའུ་སྨན་སྦྱོར”ཁྲོད་ཀྱི་བོད་སྨན་དེ་ཝུའུ་ཧན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་ནད་པ 40ལ་སྤྱད་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ཟླ 3ཚེས 4ཉིན་ནས་བཟུང་དབྱི་རན་གྱི་མེས་རྒྱལ་དུ་ལོག་པའི་ནད་པའི་ནད་སྔོན་འགོག་དང་ཚོད་འཛིན་དང་བཅོས་སྐྱོབ་བྱ་སྐབས། “ཀན་སུའུ་ཡི་སྨན་སྦྱོར”གྱིས་སླར་ཡང་ཁྱད་ནུས་མངོན་པ་རེད། ནད་གཞི་གཏན་ཁེལ་བྱས་པའི་ནད་དཔེ 37དང་། དེའི་ནང་དུ་ནད་པ་ཚབས་ཆེན 3ཡོད་པ་དང་ད་ལྟ་ཚང་མ་དྲག་སྐྱེད་བྱུང་བ་རེད། བོད་སྨན་ཕྱོགས་ཀྱིས་ད་དུང་ནད་པ་དང་འབྲེལ་བ་དམ་ཟབ་བྱ་མཁན་དང་། སྨན་དོན་མི་སྣ། ཞབས་ཞུའི་མི་སྣ་བཅས་ཀྱི་སྔོན་འགོག་ཐད་སྤྱད་པའི་སྨན་ཐུམ 1900བཀོལ་བ་དང་མིག་སྔར་མི་གཅིག་ལའང་འགོས་ནད་ཕོག་མེད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།