ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཆེས་ཆེར་མཐོ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཁུལ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་མ་དངུལ་གྱི་ཐེག་ནུས་ལ་ཚད་ལེན་ཞིབ་རྩིས་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་མ་དངུལ་བདེ་འཇགས་དང་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁུལ་སྲིད་གཞུང་གིས་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད2020ལོ་ནས་བཟུང་ཁུལ་ཡོངས་ཀྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་གི་ལོ་འཁོར་གྱི་ཚད་གཞི་སྒོར་ཁྲི25(དེའི་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོར་ཁྲི4དང་། གཞུང་ཞབས་པའི་ཁ་གསབ་སྨན་བཅོས་འགན་བཅོལ་སྒོར་ཁྲི8། ནད་ཚབས་ཆེན་རོགས་རེས་སྨན་བཅོས་འགན་བཅོལ་སྒོར་ཁྲི13བཅས་འདུས)ནས་ལོ་རེར་སྒོར་ཁྲི40བར་མཐོ་རུ་བཏང་བ(དེའི་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོར་ཁྲི6དང་། གཞུང་ཞབས་པའི་ཁ་གསབ་སྨན་བཅོས་འགན་བཅོལ་སྒོར་ཁྲི12། ནད་ཚབས་ཆེན་རོགས་རེས་སྨན་བཅོས་འགན་བཅོལ་སྒོར་ཁྲི22བཅས་འདུས)ཡོད། 

སྲིད་ཇུས་འདི་ལེགས་སྒྲིག་བྱས་རྗེས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་ནས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བའི་ལོ་འཁོར་གྱི་སྨན་བཅོས་འགྲོ་གྲོན་གྱི་མི་སྒེར་གྱི་ཁུར་པོ་ཡང་དུ་སོང་ཡོད་པ་དང་། ནད་ཚབས་ཆེན་ཕོག་པའི་ནད་པ་ཁག་གཅིག་གི་མི་སྒེར་གྱི་ཁུར་པོ་ལྕི་དྲགས་པའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པ། སྨན་བཅོས་འགན་བཅོལ་མ་དངུལ་གྱི་འདེགས་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་རྒྱ་ཆེའི་ལས་བཟོ་བའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།