ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་ཡིས་རིགས་སོ་སོའི་ཁྲོམ་རའི་བྱེད་པོས་ལས་འགོ་བསྐྱར་འཛུགས་ཐད་སྐུལ་འདེད་བཏང་། ​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་ཁྲོམ་རའི་བྱེད་པོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བླང་བྱ་ལྟར། འབྲུག་ཆུ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་རྫོང་ཡོངས་ཀྱི་ཁེ་ལས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་།

འབྲུག་ཆུ་རྫོང་གིས་སྐད་འཕྲིན་དང་། ཁ་པར། བརྡ་ཐོ་ཁྱབ་བསྒྲགས་ཀྱི་རྣམ་པའི་ངང་ཕྱོགས་ཡོངས་ནས་རིགས་སོ་སོའི་ཁྲོམ་རའི་བྱེད་པོས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་དང་ཆབས་ཅིག་ཏུ་དུག་སེལ་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱར་བརྡ་ཐོ་བཏང་ནས། རྫོང་ཡོངས་ཀྱི་རིགས་སོ་སོའི་ཁྲོམ་རའི་བྱེད་པོས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་འགན་ལེན་བྱས་པ་དང་དུས་མཚུངས་སུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཧུར་ཐག་གིས་བསྒྲུབ་པར་སྐུལ་སློང་མཛད།

ཡང་ཁྲིམས་འཛིན་སྟོབས་ཤུགས་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་ཁྲིམས་འཛིན་མི་སྣ་མི་ཐེངས125བཏང་ནས། རིགས་སོ་སོའི་ཁྲོམ་རའི་བྱེད་པོའི་ཁྱིམ་ཚང1429ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ཁྱིམ་ཚང་107དག་ཐེར་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་མ་ཟད། རྫོང་ཡོངས་ཀྱི་རིགས་སོ་སོའི་ཁྲོམ་རའི་བྱེད་པོར་དུག་སེལ་སྔོན་འགོག་ཚོད་འཛིན་དང་། ཟས་རིགས་བདེ་འཇགས། ཁོར་ཡུག་གཙང་སྦྲ་བཅས་ལ་གཅིག་བསྡུས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་། གནས་བའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་དུས་ཐོག་ཏུ་ཐ་ཚིག་བསྒྲགས་ནས་དག་ཐེར་བྱས་ཏེ་རྫོང་ཡོངས་ཀྱི་ཁྲོམ་རའི་སྒྲིག་ལམ་བརྟན་པོ་དང་། དུག་སེལ་སྔོན་འགོག་ཚོད་འཛིན་བྱ་ཐབས་ནུས་ལྡན། ཁོར་ཡུག་གཙང་བ་བཅས་ཡོང་བར་འགན་ལེན་བྱས་པ་རེད།

 རྫོང་ཡོངས་སུ་རིགས་སོ་སོའི་ཁྲོམ་རའི་བྱེད་པོ5693ཡོད་པ་དང་། མིག་སྔར5426གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཟིན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད95.3%ཟིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།