ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་རིམས་འགོག་དང་ཕྱུགས་ལས་ཐོན་ལས་གོང་སྤེལ་ཕྱོགས་གཉིས་མི་ཤོར་བ་དང་མཉམ་འཛིན་ལ་ཤུགས་བསྣན་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རང་སའི་དོན་དངོས་གནས་ཚུལ་གཞིར་བཟུང་ནས་རྫོང་ཡོངས་སུ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལྟེ་གནས་དང་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་རྟོག་ཁང་བཙུགས་པ་མ་ཟད། ཤང་གྲོང་སོ་སོའི་ཕྱུགས་སྨན་ཁང་དུ་ཆེད་ལས་སྨན་པ་བཀོད་སྒྲིག་བྱས་ཏེ། རིམས་ནད་སྔོན་འགོག་ནི་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་དང་། ཕྱུགས་ལས་ཐོན་ལས་རྒྱུན་སྤེལ་གཏོང་རྒྱུ་ནི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྲོག་ཤིང་ལྟ་བུར་གྱུར་པས།ལྷག་པར་དུ་དཔྱིད་ཀྱི་དུས་ཚིགས་འདི་ནི་ཕྱུགས་ལས་ཀྱི་གནད་འགག་གི་དུས་སྐབས་ཤིག་ཡིན་པས།རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱོགས་ཡོངས་ལ་འཆར་འགོད་དང་ཐབས་བརྒྱ་ཇུས་སྟོང་གི་གོ་སྐབས་དམ་འཛིན། ཕྱུགས་རིགས་ཀྱི་གཟན་ཆས་མཁོ་འདོན་གྱི་གལ་ཆེའི་རང་བཞིན་དང་དྲོད་ཁང་ཕྱུགས་གསོ་ལས་རིགས་ལག་བསྟར་དོན་འཁྱོལ། ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག  ཕྱུགས་ལས་ཐོན་ལས་གོང་སྤེལ་བཅས་མཉམ་སྲུང་མཉམ་དར་གྱི་ཐད་དུ་ཤུགས་ཆེན་པོ་བསྣན་པ་མ་ཟད། གནད་འགག་གི་དུས་སུ་ཕྱུགས་ལས་ཐོན་ལས་གོང་སྤེལ་ལ་རྨང་གཞི་ངེས་ཅན་བཏིང་ཡོད་པ་རེད། 

མིག་སྔར་གྱི་རིམས་འགོག་གནད་འགོག་གི་དུས་སུ་རྨ་ཆུ་རྫོང་གིས་ཕྱུགས་ལས་སྨན་པ70ལྷག་གོ་རིམ་ལྟར་རྫོང་ཡོངས་ཀྱི་ཕྱུགས་ལས་མཉམ་ལས་ཁང586ལ་སོང་སྟེ་རྒྱུན་མཐོང་ནད་རིགས་སྔོན་འགོག་ཤེས་བྱ་དྲིལ་སྒྲོག་དང་དུག་སེལ་བྱེད་པ།ཕྱུགས་ནད་རིམས་འགོག་གི་འགོག་ཁབ་བརྒྱབ་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་དང་ལྟ་རྟོག་ནན་མོ་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་འགོར་རྨ་ཆུ་རྫོང་ལ་ཞིང་ཆེན་རིམ་པའི་གནོད་འགོག་ཕྱུགས་སྐྱོབ་ཀྱི་ཆེད་དངུལ་སྒོར་ཁྲི350སྤྲད་པའི་རྨང་གཞིའི་ཐོག་གཞི་རིམ་འབྲོག་པ་མང་ཚོགས་རང་ངོས་ཀྱིས་མ་དངུལ་སྒོར་ཁྲི430ལྷག་བསྡུ་རུབ་བྱས་གནས་ཏེ། ལོ་ཏོག་དང་གྲོ་ནས་སོགས་གཟན་ཆས་ཏུན3047.2ཉོས་ནས་གཞི་རིམ་འབྲོག་ཁྱིམ་དུ་བགོ་འགྲེམ་བྱས་ཟིན་པ་མ་ཟད། རིམས་ནད་སྔོན་འགོག་གི་གནད་འགག་གི་དུས་སུ་ཕྱུགས་ལས་སྨན་པ་གཞི་རིམ་གྱི་ཕྱུགས་རར་སོང་ནས་མཉམ་ལས་ཁང་གི་ཕྱིའི་ཆ་རྐྱེན་དང་ནང་གི་རྒྱུ་སྤུས། དངོས་ཡོད་གནད་དོན་སོགས་ཀྱི་ཐད་ལ་ནུས་པ་གང་ལེགས་བཏོན་ནས་ཕྱོགས་གཅིག་ནས་མིག་སྔའི་རིམས་ནད་སྔོན་འགོག་ནན་སྲུང་གི་བྱ་བར་རྒྱལ་ཁ་ལེན་པ་དང་། ཕྱོགས་གཞན་ཞིག་ནས་རྫོང་ཡོངས་ཀྱི་ད་ལོའི་དཔྱིད་འགོའི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།