ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་2པའི་ཚེས་24ཉིན། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་སྨན་བཅོས་ཞིབ་ཚགས་བྱས་མཐར་གཙོས་གྲོང་ཁྱེར་གྱི་ཆེས་མཇུག་མཐའི་ཏོག་གསར་གློ་ཚད་ནད་པ་2སྨན་ཁང་ནས་བུད་ཡོད་པ་རེད། མིག་སྔའི་བར། ཀན་ལྷོ་ཁུལ་གྱི་ཏོག་གསར་གློ་ཚད་ནད་པ8ཚང་མ་སྨན་ཁང་ལས་བུད་པ་དང་། དྲག་སྐྱེད་བྱུང་ཚད་བརྒྱ་ཆའི་100ལ་སླེབས་ཡོད། ཏོག་གསར་གློ་ཚད་ནད་པ་དང་དོགས་ཡོད་ནད་པ་ཚང་མ་དྲག་ཡོད་པ་རེད།
ནད་པ་ཝང་ཆེ་གེ་མོ། བུད་མེད། ལོ53། ཧྲའན་ཤིས་ཞིང་ཆེན་ཁྲུན་ཧྭ་རྫོང་གི་མི་ཡིན། ད་ལྟ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་བསྡད་ཡོད། ཟླ2པའི་ཚེས12ཉིན་ཏོག་གསར་གློ་ཚད་ནད་པར་གཏན་འཁེལ་བྱས་པ་དང་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས་པ་རེད།
ནད་པ་ཀྲང་ཆེ་གེ་མོ། བུད་མེད། ལོ་58། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་མི་ཡིན། ཟླ2ཚེས13ཉིན་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ཏོག་གསར་གློ་ཚད་ནད་པར་གཏན་འཁེལ་བྱས་པ་རེད།
སྨན་ཁང་དུ་བསྡད་རྗེས་སྨན་ཁང་གིས་ནད་པ་གཉིས་ཀྱི་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་དང་། བརྙན་ཕབ་རིག་པའི་མཚོན་ཚུལ། ཚོད་ལྟ་ཁང་གི་བརྟག་དཔྱད་འབྲས་བུ་བཅས་དང་ཟུང་འབྲེལ་བྱས་ཏེ་ཆེད་མཁས་ཚོགས་ཆུང་སྒྲིག་འཛུགས་ཀྱིས་མཉམ་འཛོམས་ནད་དཔྱད་བྱས་ཏེ་སྨན་བཅོས་ཇུས་གཞི་བཟོས་ནས་དུས་ཐོག་ཏུ་སྨན་བཅོས་ཚད་ལྡན་བྱས་པ་རེད། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་དོན་ཚོགས་པས་སྨན་བཅོས་དང་ནད་གཡོག་ཞིབ་ཚགས་བྱས་མཐར། ནད་པ་གཉིས་ཀྱི་ལུས་ཕུང་གི་དྲོད་ཚད་རྒྱུན་གཏན་ལྟར་སླར་གསོ་བྱུང་བ་དང་། གློ་ལུ་རྒྱག་པ་སོགས་དབུགས་ལམ་གྱི་ནད་རྟགས་རིམ་བཞིན་མེད་པར་གྱུར་པས། ནད་གཞི་རིམ་བཞིན་ཇེ་ལེགས་སུ་ཕྱིན། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་ཚང་མ་སྲིབ་གཤིས་སུ་གྱུར་ཡོད། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་སྐྱོབ་བཅོས་ཆེད་མཁས་ཅན་པས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་དྲུག་པ)》ལས་བཏོན་པའི་སྨན་ཁང་ནས་བུད་ཆོག་པའི་ཚད་གཞིར་སླེབས་ཡོད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཀན་ལྷོ་ཁུལ་གྱི་ཏོག་གསར་གློ་ཚད་ནད་པ་ཚང་མ་དྲག་ནས་སྨན་ཁང་ལས་བུད་ཡོད།