ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་ཡང་དག་བདུན་གྱི་སྒོ་ནས་རིམས་འགོག་མཉམ་བཅོས་བྱ་བ་མཐའ་འཁྱོལ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་ཆེས་གནད་འགག་གི་རིམས་འགོག་མཉམ་སྲུང་དུས་སྐབས་སུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་གཅིག་གྱུར་སྣེ་ཁྲིད་འོག  ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏུའོ་ཡིས་ཀན་ལྷོ་ཁུལ་དུ་བྱ་བར་གཟིགས་ཞིབ་མཛུབ་སྟོན་སྐབས་ཀྱི་གཏམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།ཡིད་ཆེས་བརྟན་པོ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་ཡང་དག་བདུན་གྱི་སྒོ་ནས་རིམས་འགོག་གི་འཐབ་འཛིང་ལས་རྒྱལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

གཅིག་ཏུ་རྨ་ཆུ་རྫོང་གི་རིམས་འགོག་འཐབ་མོ་བའི་དཔུང་སྡེ་ཡང་དག་ཞིག་བཙུགས་པ། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མའི་རིམས་འགོག་བྱ་བའི་རྨང་གཞིའི་སྟེང་དུ་ལས་བགོས་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་སྙོམས་སྒྲིག གྲོས་ཞིབ་བརྒྱུད་ནས་རྫོང་ཚན་ཁག་ཆེ་བཞིའི་འགོ་ཁྲིད་སྡེ་ཁག་གི་ལས་བཟོ་བའི་ཁྲོད་ནས་ལས་བཀུར་སྙིང་རུས་ཆེ་བ་དང་བྱེད་སྒོའི་རྐང་འཛིན་མི་སྣ་དག་རྫོང་རིམས་འགོག་མཉམ་སྲུང་མཉམ་བཅོས་གཞུང་ལས་ཁང་གི་་བཀོད་སྒྲིག་བརྒྱུད་དེ་གཅིག་གྱུར་བཀོད་སྒྲིག་དང་ཕྱོགས་ཡོངས་ཞབས་ཞུའི་ནུས་པ་ཐོན་པ་མ་ཟད།སྟོབས་ཤུགས་གཅིག་སྒྲིལ་དང་རང་འགན་དང་ལེན། འགན་འཁྲི་མངོན་གསལ། སྒྲིག་གཞི་དམ་ཚགས།ལས་འགན་བརྟན་སྲུང་གི་འདུ་ཤེས་ཀྱིས་རིམས་འགོག་འཐབ་མོའི་དཔུང་སྡེ་ཡང་དག་ཞིག་བཙུགས་ཡོད།

གཉིས་སུ་རིམས་འགོག་མཉམ་སྲུང་གི་ཐབས་ཇུས་ཡང་དག་དོན་འཁྱོལ་བྱས་པ། རྨ་ཆུ་རྫོང་གིས་འགྲོ་འོང་མི་སྣར་གསོ་རིག་ཞིབ་དཔྱད་དང་ལོགས་བཀར་ལྟ་སྐྱོང་།གནད་དོན་གཙང་སེལ་སོགས་ཆེས་གནད་འགག་གི་དུས་རིམས་དམ་འཛིན་གྱིས་རྫོང་རིམ་པའི་འགོ་ཁྲིད་དང་ས་ཁོངས་འགན་ལེན་པ།ལས་ཁུངས་ཀྱི་འགན་འཛིན་པ།སྡོད་དམངས་ཁུལ་གྱི་འགན་ལེན་པ། ཁྱིམ་བདག་སོགས་རིམ་པ་ལྔ་ཡི་དོ་དམ་སྒྲིག་གཞི་དང་།ཤང་གྲོང་རིམ་པའི12345ཡི་བྱ་བའི་ཐབས་ལམ་ལག་བསྟར་དོན་འཁྱོལ་གྱི་བླང་བྱ་ལྟར། འགྲིམ་འགྲུལ་འགག་སྒོ་དང་མཁར་གྲོང་གི་སྡོད་ཁུལ། འབྲོག་དམངས་གཞིས་ཁུལ།ལས་ཁུངས།ཚོང་ལས་བདག་གཉེར་ཁང་སོགས་སུ་ འགྲོ་འོང་མི་སྣ་དང་རླངས་འཁོར་རེ་རེ་བཞིན་ཐོ་འགོད་བྱས་པ་མ་ཟད།སྨན་ཁང་དང་མགྲོན་ཁང་། རང་ཁྱིམ་སོགས་སུ་ལོགས་བཀར་ལྟ་སྐྱོང་མི་སྣར་དུས་བཅད་ལྟར་བརྟག་དཔྱད་དང་ཞིབ་བཤེར། ཐོ་འགོད་་སོགས་གང་ལ་གང་འཚམ་གྱིས་རིམས་འགོག་མཉམ་སྲུང་བྱ་བའི་བྱེད་ཐབས་ཡང་དག་ལག་བསྟར་འཐུང་ཚང་དུ་བཏང་བས།རིམས་འགོག་བྱ་བའི་གནོན་ཤུགས་ཇེ་ཡང་དང་ཐོན་ཁུངས་གྲོན་ཆུང་སོགས་ཀྱི་བྱ་བར་གྲུབ་འབྲས་མངོན་ཐོབ་པ།

གསུམ་དུ་དངོས་རྫས་མཁོ་འདོན་ཁག་ཐེག་གི་བྱ་ཐབས་ཡང་དག་བསྒྲུབ་པ། རྨ་ཆུ་རྫོང་གིས་རྒྱལ་ཁབ་ཀྱི་ཆེད་དངུལ་དང་ས་གནས་ནོར་སྲིད་ཀྱི་རང་གྲབས་མ་དངུལ་དང་གཞན་ཡང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་དངུལ་བཅས་གཅིག་གྱུར་སྒོས་དོ་དམ་བཀོལ་སྤྱོད་ཀྱི་སྒྲིག་གཞི་ཡང་དག་ལག་ལེན་གྱིས་མ་དངུལ་སྐར་གང་ཡིན་ཡང་གནད་ཐོག་ཏུ་བཀོལ་བ་དང་། སྨན་བཅོས་ཆེད་སྤྱོད་དངོས་རྫས་དག་གཅིག་གྱུར་གྱི་སྐྱེལ་འདྲེན་དང་བཀོལ་སྤྱོད་བྱེད་པ།   ལྷག་པར་དུ་རིམས་འགོག་མཉམ་སྲུང་སྐབས་སུ་སྡོད་དམངས་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་རྒྱུན་ལྡན་ངང་མཁོ་འདོན་གྱི་རྨང་གཞིའི་ཐོག་ཏུ་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་མཐུན་སྡེབ་ཀྱིས་ངེས་གཏན་གྱིས་ཟ་ཁང་དང་སྨན་ཚོང་ཁང་། སྔོ་ཚལ་ཁང་སོགས་དུས་བཅད་དུག་སེལ་དང་དངོས་གོང་གཏན་འཁེལ་བྱས་ཤིང་། ཟ་ཁང་དང་ཚོང་ཁང་ཉི་ཤུ་ལྷག་གིས་འཛད་སྤྱོད་པར་སྒོ་འགྲམ་ཞབས་ཞུའི་ལམ་ལུགས་ཡང་དག་སྤེལ་ཏེ་མང་ཚོགས་ཕྱི་ལ་མི་འགྲོ་བའི་གོམས་གཤིས་ཡང་དག་ཆགས་སུ་བཅུག

བཞི་རུ་ནད་དུག་སྔོན་འགོག་དྲིལ་བསྒྲགས་སློབ་གསོ་སྤེལ་བ། རྨ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཡང་དག་པའི་སྣེ་ཁྲིད་འོག རྫོང་ཡོངས་ཀྱི་གོང་འོག་ཀུན་ཏུ་ནད་དུག་སྔོན་འགོག་དང་རང་ལུས་སྲུང་སྐྱོབ། རང་དཔེ་གཞན་སྟོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་བ་མ་ཟད། ས་གནས་ཀྱི་ཁྱད་ཆོས་དང་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་གཞིར་བཟུང་སྟེ། བརྙན་འཕྲིན་དང་གཞུང་ཕྱོགས་དྲ་ལམ།བརྙན་ཐུང་སོགས་དྲིལ་བསྒྲགས་སྒེའུ་ཁུངས་སོ་སོ་ནས་ནད་དུག་སྔོན་འགོག་གི་འབོད་སྐུལ་ཚ་ཚ་འུར་འུར་གྱིས་བསྒྲགས་པ་དང་། འབྲོག་སྡེའི་རི་མཐོ་ལ་གཟར་དུ་རྟ་བཞོན་དང་གཡག་བཞོན་དྲིལ་བསྒྲགས་རུ་དཔུང་དང་འཁོར་རིགས་དྲིལ་བསྒྲགས་ཚན་ཆུང་། གཞན་ཡང་གཞི་རིམ་གྱི་རྡུང་ལེན་པ་དང་གཏམ་བཤད་པ། གཟུ་བ་སོགས་དམངས་ཁྲོད་རིག་གནས་རྒྱུད་འཛིན་པ་སོགས་རྩ་འཛུགས་བྱས་ཏེ་མང་ཚོགས་ལ་གོ་སླ་ཞིང་ཉན་སྤྲོ་བའི་རིམས་འགོག་རྒྱུན་ཤེས་དྲིལ་བསྒྲགས་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་རིམས་འགོག་བསམ་བློ་ཇེ་མཐོར་སོང་ཞིང་། དཀའ་ངལ་གྱི་མདུན་དུ་ཏང་དམངས་མཉམ་གནས་ཀྱི་ཆོད་སེམས་ཡང་དག་ཞིག་མངོན་འདུག

ལྔ་རུ་བརྡ་འཕྲིན་མཉམ་སྤྱོད་ཀྱི་གནས་བབ་ཡང་དག་མངོན་པ། རྨ་ཆུ་རྫོང་ཏོག་དབྱིབས་གློ་ཚད་རིམས་འགོག་འགོ་ཁྲིད་ཚན་ཆུང་གིས་ཁྱོན་ཡོངས་ནས་རྫོང་ཡོངས་ཀྱི་རིམས་འགོག་བརྡ་འཕྲིན་གཞི་གྲངས་ཡང་དག་ཁོང་དུ་ཆུད་པ་དང་རིམས་འགོག་བྱ་བའི་འགན་འཁྲི་བཟློག་མེད་ཀྱི་ཁ་ཕྱོགས་གསལ་ཆེད་དུ། ཉིན་མཚན་དབྱེར་མེད་དུ་རྫོང་མཁར་གྱི་སྡེ་ཁག་དང་གྲོང་ཤག ཕྱོགས་བཞིའི་འགག་སྒོ ཞིང་ཆེན་ཕྱི་ནང་གི་འགག་སྒོ་དང་ཡུལ་ཚོ་སོ་སོའི་རུ་སྡེ་དང་རྩ་འཛུགས་བཅས་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་གནས་ཚུལ་གྱི་གཞི་གྲངས་སོ་སོ་ཆད་ལྷག་དང་ཁུངས་འཛོལ་མེད་པར་གཅིག་སྡུད་བྱས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཙམ་མ་ཡིན་པར་བློ་ཐག་རྦད་ཆོད་ཀྱིས་རིམས་འགོག་མཉམ་སྲུང་གི་འཐབ་རར་ཞུགས་ཏེ་བརྡ་འཕྲིན་མཉམ་སྤྱོད་ཀྱི་གནས་བབ་ཡང་དག་མངོན་འདུག

དྲུག་ཏུ་དུག་སེལ་འགོག་སྲུང་གི་གསོ་ཐབས་ཡང་དག་སྤྱད་པ། རྨ་ཆུ་རྫོང་གི་ལས་རིགས་སོ་སོས་རིམས་འགོག་མཉམ་སྲུང་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་དང་བླང་བྱ་ལྟར། ཚན་རིག་དང་མཐུན་པའི་ཚད་ལྡན་འཕྲོད་བསྟེན་དུག་སེལ་གཤེར་ཁུ་ཡིས་ལས་གནས་གལ་ཆེན་དུ་དུག་སེལ་བྱེད་པ་མ་ཟད། སྨན་བཅོས་གད་སྙིགས་གཅིག་བསྡུས་སྒོས་གཙང་སེལ་དོ་དམ་དང་སྡོད་དམངས་གཞིས་ཁུལ་དང་སྲང་ལམ་སོགས་སུ་བཀོལ་ཐེངས་གཅིག་གི་ཁ་ཐུམ་སྙིགས་སྒམ་བཅས་གྲ་སྒྲིག་ཡང་དག་བྱས་པས། དུས་རིམས་དང་བསྟུན་ལ་ཁོར་ཡུག་དང་མཁའ་དབུགས་ལ་ཕན་པའི་་གསོ་རིགས་ཐབས་ལམ་ཡང་དག་སྤྱད་དེ་སྤྱི་དམངས་ཀུན་ལ་བདེ་ཐང་གི་ཀུན་སྤྱོད་ཡང་དག་ཞིག་བསྐྲུན་པར་ཕན་འབྲས་ནུས་ལྡན་ཐོན།

བདུན་དུ་རིམས་འགོག་མཉམ་སྲུང་ལག་བསྟར་ལ་ལྟ་ཞིབ་དང་མཛུབ་སྟོན་ཡང་དག་ཐོབ་པ། རྨ་ཆུ་རྫོང་རིམས་འགོག་ལྟ་ཞིབ་ཚན་ཆུང་གིས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བྱ་བའི་སྙན་ཞུ་ལ་ཉན་པ་དང་།དབྱེ་ཞིབ་དཔྱད་སྡུར་སོགས་ཀྱི་བྱ་ཐབས་ལག་ལེན་བརྒྱུད་རིམས་འགོག་མཉམ་སྲུང་བྱ་བའི་འཕེལ་འགྲིབ་གནད་དོན་དང་དཀའ་ཁག་རྩར་གཅོད་ཡང་དག་བྱས་ཤིང་།རིམས་འགོག་མཉམ་སྲུང་གི་འཐབ་འཛིང་ལ་འགག་རྐྱེན་དང་བར་ཆོད་མེད་པ་ཁག་ཐེག་བྱས་པ་མ་ཟད། རིམས་འགོག་མཉམ་སྲུང་ཁྲོད་དུ་གནད་དོན་དང་ཉེས་དོན་བྱུར་རྐྱེན་གྱི་དོགས་གཞི་དང་ནོར་འཁྲུལ་བྱུང་ཚེ་དུས་ཐོག་ཏུ་རྣག་ཐོག་ཁབ་གཙག་གིས་གནད་དོན་རྨེག་མེད་དུ་གཏོང་བར་ལྟ་ཞིབ་དང་མཛུབ་སྟོན་གྱི་ནུས་པ་ཡང་དག་བཏོན་ཏེ།རིམས་འགོག་མཉམ་སྲུང་འཆར་ཟིན་དོན་འཁྱོལ་དང་རིམས་འགོག་བྱ་བྱེད་མི་སྣར་སེམས་ཤུགས་དང་ཡིད་ཆེས་ཀྱི་རྒྱབ་བརྟེན་མཁོ་འདོན་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།