དབྱང་ཅུན་དང་སྒྲོལ་མ་སྐྱབས་འཁོར་དང་བཅས་པས་རྨ་ཆུ་རྫོང་དུ་དུས་ཆེན་སྔོན་གྱི་འཚམས་འདྲི་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་འཁོར་དང་བཅས་པས་སྔ་རྗེས་སུ་རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་དང་དངུལ་རྭ་ཞོལ་མ་ཤང་། མཚེའུ་རུ་མ་གྲོང་རྡལ། རྨ་ཁུག་རྟ་རའི་མང་ཚོགས་ཡུལ་གཞན་དུ་གནས་སྤོར་བའི་སྡོད་ཁང་གསར་བ། རྫོང་གི་གྲོང་སྲིད་རུ་ཆེན་བཅས་སུ་སོང་ནས་མང་ཚོགས་དབུལ་བོ་དང་དཀའ་ངལ་ཡོད་པའི་ལས་བཟོ་བར་འཚམས་འདྲི་བྱས་པ་མ་ཟད། རྫོང་གི་ཆུ་མཁོ་འདོན་ཀུང་སི་དང་དྲོད་རླངས་མཁོ་འདོན་ཀུང་སི། བེ་ཤིང་དགོན་པ་སོགས་ཁེ་ལས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སོང་སྟེ་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་དྲོ་སྐྱིད་དང་ཐུགས་ཁུར་བསྐྱལ།

དབྱང་ཅུན་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་ཁྱིམ་ཚང་དབུལ་བོ་དང་དཀའ་ངལ་ཡོད་པའི་ལས་བཟོ་བའི་ཐོན་སྐྱེད་དང་འཚོ་བ། སྨན་བཅོས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ཁྱིམ་ཚང་གི་ཡོང་འབབ་སོགས་ཀྱི་གཞི་རྩའི་དགོས་མཁོ་ཞིབ་མོར་དྲིས་ནས་ཁོང་ཚོར་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་དངོས་ཟོག་སྤྲད། དེ་དང་ཆབས་ཅིག་དུས་ཆེན་སྐབས་ཀྱི་ཆུ་མཁོ་འདོན་དང་དྲོད་རླངས་མཁོ་འདོན་གྱི་བྱ་བ་ལེགས་པར་བསྒྲུབས་ནས། རྫོང་ཡོངས་ཀྱི་མི་དམངས་ཀྱིས་འཆམ་མཐུན་དང་དྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་རོལ་ཐུབ་པ་ཁག་ཐེག་བྱ་དགོས་པ་དང་། རྒྱ་ཆེའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ལས་བཟོ་བས་རྨ་ཆུའི་གྲོང་ཁུལ་གྱི་གཙང་སྦྲ་སྔར་ལས་ཇེ་ལེགས་སུ་བཏང་སྟེ་རྨ་ཆུའི་ཡུལ་སྐོར་འཕེལ་རྒྱས་འབྱུང་བར་རང་རང་གི་ནུས་ཤུགས་འདོན་དགོས་ཞེས་བཤད།

དབྱང་ཅུན་དང་སྒྲོལ་མ་སྐྱབས་འཁོར་དང་བཅས་པས་ད་དུང་རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཚོང་བས་ཡིད་རྟོན་གཉེར་སྐྱོང་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་ནན་སྲུང་བྱ་དགོས་པའི་བླང་བྱ་བཏོན།

བེ་ཤིང་དགོན་པར་དགེ་འདུན་པར་འཚམས་འདྲི་བྱེད་སྐབས་སུ། དབྱང་ཅུན་དང་སྒྲོལ་མ་སྐྱབས་ཀྱིས་རྒྱ་ཆེའི་དགེ་འདུན་པ་ཚོས་སྔར་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས། རྨ་ཆུ་འཕེལ་རྒྱས་འབྱུང་ཆེད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།