ཀྲུང་གོ་བོད་ཀྱི་དྲ་བ།

མ་ཐིང་ལི་ཀན་ལྷོ་ཁུལ་དུ་ཡོང་ནས་ཆོས་ལུགས་མི་སྣ་དང་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྕགས་བྱི་ལོའི་ལོ་སར་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་དུ་སོང་ནས་ཀན་ལྷོ་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཁག་ཅིག་དང་། དཀའ་ཁག་ཡོད་པའི་ཏང་ཡོན། དབུལ་ཕོངས་མང་ཚོགས། དཀའ་ཁག་ཡོད་པའི་ཁེ་ལས་ཀྱི་ལས་བཟོ་བ་ཁག་ཅིག་བཅས་ལ་འཚམས་འདྲི་བྱས་ནས་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད། ལོ་སར་གྱི་སྨོན་འདུན་དང་འཚམས་འདྲི་བསྐྱལ།

མ་ཐིང་ལི་འཁོར་དང་བཅས་པ་ཀན་ལྷོར་ཐོན་རྗེས་གཙོས་གྲོང་ཁྱེར་སྣ་བུག་གྲོང་རྡལ་གཡག་སྙིང་རང་བྱུང་སྡེ་བར་སོང་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀླུ་རྒྱལ་ལ་འཚམས་འདྲི་བྱས་པ་དང་། མ་ཐིང་ལི་ཡིས་ཀླུ་རྒྱལ་གྱི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སྐོར་བཅར་འདྲི་བྱས་ནས་ཁོའི་ཁྱིམ་མི་ཚང་མར་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་འཚོ་བ་རོལ་དགོས་ལ་བྱིས་པ་གཉིས་ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་ཀ་གདུང་ལྟ་བུར་གསོ་སྐྱོང་བྱ་དགོས་པར་ལྕག་སྐུལ་བྱས། མ་ཐིང་ལི་ཡིས་ལས་བྱེད་པར་མ་མཐའི་འཚོ་བའི་འགན་སྲུང་དང་གཅོང་ནད་ལག་ཁྱེར་སྒྲུབ་པ་སོགས་ཀྱི་ཐད་ཀླུ་རྒྱལ་གྱི་ཁྱིམ་མི་ཚང་མར་ཐུགས་ཁུར་དང་ལྟ་རྟོག་བྱས་ཏེ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་དགོས་པའི་མངགས་བཅོལ་བྱས། དེ་རྗེས་མ་ཐིང་ལི་འཁོར་དང་བཅས་པ་དུང་ཕྲུག་སྲང་ལམ་མཐུན་སྒྲིལ་སྡེ་གསར་དུ་སོང་ནས་དཀའ་ཁག་ཡོད་པའི་ཏང་ཡོན་ཧོའུ་ཀ་ཆི་ལ་འཚམས་འདྲི་བྱས།

དེའི་ཕྱི་ཉིན། ཁ་བ་མཐུག་པོ་ཞིག་བབས་ཡོད་ལ། མ་ཐིང་ལི་འཁོར་དང་བཅས་པས་ཞོགས་པ་སྔ་མོ་ནས་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་གུང་ཐང་ཚང་ནང་ཆེན་དུ་སོང་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་ཞུས་པ་དང་། ཁོ་ཚོ་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་བ་དང་ཁོ་ཚོའི་བསམ་འདུན་ལ་ཉན་རྗེས། ལོ་སར་གྱི་སྨོན་འདུན་ཞུས། མ་ཐིང་ལིས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་། ཀན་ལྷོ་བོད་རིགས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་གཏན་འཇགས་བཅས་ཀྱི་ཐད་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་རྣམ་པ་བཟང་བོ་ཞིག་ཐོན་ཡོད། མ་ཐིང་ལི་གུང་ཐང་ཚང་ནང་ཆེན་དུ་སོང་ནས་ཨ་ལགས་གུང་ཐང་ཚང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ། བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཨ་ལགས་སྒོ་མང་ཚང་གིས་མ་ཐིང་ལི་འཁོར་དང་བཅས་པ་ཡོང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁུལ་ཡོངས་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་བཀའ་ལ་ཉན་པ་དང་ཆོས་ལུགས་ལས་རིགས་མི་སྣའི་བྱ་སྤྱོད་ཐོག་ནས་བོད་རིགས་ས་ཁུལ་གྱི་ཞི་མཐུན་གཏན་འཇགས་སྲུང་སྐྱོང་ལེགས་པོ་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡའོ་ཡུས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་བཅས་ཀྱིས་འཚམས་འདྲི་བྱེད་པར་འགྲོ་རོགས་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།