ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་རོང་འབྲོག་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་གོ་སྐབས་སུ་བཟུང་ནས། རོང་འབྲོག་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་སྣེ་ཁྲིད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་བཅས་སུ་བཟུང་ནས་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱས། 

ཏང་འཛུགས་དང་སློབ་སྦྱོང་སློབ་གསོ་ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི“འཐབ་ས་གཙོ་བོ”བསྐྲུན་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཏང་གི་འཛུགས་སྐྲུན་བྱ་བའི་འབྲེལ་གཏུག་ས་ཚིགས་དང་འགན་ལེན་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཤང་གི་འགོ་ཁྲིད་ཀྱིས་གཞི་རིམ་གྱི་ཏང་གི་རྩ་འཛུགས་ལ་དམ་འཛིན་དང་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་སློབ་གསོའི་ལམ་ལུགས་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་།

ཏང་འཛུགས་དང་དབུལ་ཐར་མཁྲེགས་གཏོར་ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི“རྩ་བ་དང་རྨང་གཞི”ཇེ་བརྟན་དུ་བཏང་བ། “དབུལ་སྐྱོར་ལ་དམིགས་ནས་ཏང་འཛུགས་སྐྲུན་དམ་འཛིན་དང་། ཏང་འཛུགས་སྐྲུན་དམ་འཛིན་གྱིས་དབུལ་སྐྱོར་ལ་སྐུལ་འདེད། ཏང་འཛུགས་སྐྲུན་ལ་ཞིབ་བཤེར་བྱས་ཏེ་དབུལ་ཐར་ལ་ལྟ་བ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཏང་འཛུགས་སྐྲུན་གྱི་ལེགས་ཆ་དེ་དབུལ་སྐྱོར་གྱི་ལེགས་ཆར་བསྒྱུར་ནས་གཞི་རིམ་གྱི་ཏང་རྩ་འཛུགས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་དམག་འཐབ་བཙན་རྫོང་དང་། གྲོང་གསེབ་དར་རྒྱས་ཁྲོད་ཀྱི་ལེགས་ཆའི་ཐོན་ཁུངས། ལས་སྟེགས་གལ་ཆེན། སྒུལ་ཤུགས་ཆེན་པོ་བཅས་སུ་གྱུར།

ཏང་འཛུགས་དང་ཐོན་ལས་ཡོང་འཕར་ཟུང་དུ་སྦྲེལ་ནས་ཞིང་སྡེ་དར་རྒྱས་གྱི་ལམ་བུ་བཙལ་བ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་ཐར་དང་ཐོན་ལས་དར་རྒྱས་ཡོང་བ་བྱེད་པའི་རྩ་བའི་ཐབས་ཇུས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་། ཏང་འཛུགས་སྐྲུན་བྱ་བ་དང་དམངས་ཕྱུག་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་ཐོན་ལས་འཕེལ་རྒྱས་དང་དམངས་ཕྱུག་ཡོང་འཕར་གྱི་ཐོག་མངོན་དུ་བཅུག

ཏང་འཛུགས་དང་ལྗང་མདོག་དར་རྒྱས་ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི“མིང་བྱང་གསར་བ”བཟོ་སྐྲུན་བྱས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རིམ་གྱི་ཏང་གི་རྩ་འཛུགས་ཀྱི་འཐབ་ནུས་ལ་ཞིབ་བཤེར་བྱེད་པའི་འཐབ་ས་གཙོ་བོར་བརྩིས།

ཏང་འཛུགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི“གདུང་འདེགས་ཀ་བ”བཙུགས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་དང་པོར་བརྩིས་ནས། ལག་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རོང་འབྲོག་སྡེ་བའི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རོང་འབྲོག་སྡེ་བ་དེར་ཤེས་ལྡན་མི་སྣ་གནས་ཐུབ་པ་དང་ཤེས་ལྡན་མི་སྣ་སྦྱོང་བརྡར་བྱ་ཡུལ་དུ་གྱུར།

ཏང་འཛུགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི“འགན་སྲུང་ཐིག”བརྟན་པོ་བཟོས་པ། ཁྲིམས་ལྟར་སྡེ་བ་སྐྱོང་བའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གཙོ་གནད་དེ་རོང་འབྲོག་སྡེ་བར་བཞག་སྟེ། མཐིལ་རྟོགས་གྲལ་བཤེར་བྱ་ཡུལ་དང་། ཁུངས་སྣེའི་རྩིས་ཐོ། ཐག་གཅོད་བྱེད་ཐབས། འགན་འཁྲི་མི་སྣ་བཅས“ཁ་གསལ་བཞི”མཐའ་འཁྱོངས་བྱས་ཏེ། རྩ་བ་ནས་ནག་ཚོགས་ཀྱི་སྟོབས་ཤུགས་མེད་པར་བཏང་ཞིང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་དང་། རིན་གོང་མཐོ་བའི་གཉེན་རྟེན་དང་འདས་མཆོད་རྒྱ་ཆེ་ཞིང་རྒྱས་པ་སྒྲུབ་པ་སོགས་ཀྱི་སྲོལ་ངན་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། རྒྱལ་གཅེས་ཁྱིམ་གཅེས་དང་། ཕན་ཚུན་མཛའ་བརྩེ། ཀུན་སྤྱོད་དང་དགེ་སྤེལ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་བ་གཏད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།