ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། ཞིང་སྡེའི་འཐུང་ཆུ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཐག་གཅོད་ཀྱི་དགོས་གལ་ཧ་ཅང་ཆེ་བའི་གནད་དོན་གྱི་གྲས་ཤིག་ཡིན་པ་དང་། བསང་ཆུ་རྫོང་གིས་དམངས་དོན་དངོས་སྒྲུབ་པའི“དམངས་སེམས་ལས་གཞི”དང“སྤྱོད་བཟང་སྲིད་སྐྱོང་ལས་གཞི”ཞིག་ཡིན།    

བསང་ཆུ་རྫོང་ཆུ་དོན་ཅུའུ་ཡིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྐོར་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱུང་། 2005ལོ་ནས2015ལོའི་བར་དུ་བསྡོམས་པས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི419ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ14ཡི་སྲིད་འཛིན་སྡེ་བ65དང་། རང་བྱུང་སྡེ་བ438ཀྱི་ཁྱིམ་ཚང13569ཡི་མི་ཁྲི7.05ཡི་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱས། 2017ལོ་ནས2019ལོའི་བར་དུ་བསྡོམས་པས་མ་དངུལ་སྒོར་ཁྲི610བཏང་ནས་ཉེ་བའི་ལོ་ཤས་རིང་གི་འཐུང་ཆུའི་བདེ་འཇགས་ལས་གཞི་རིམ་སྤོར་སྒྱུར་བཀོད་བྱས་ཏེ། འཐུང་ཆུའི་བདེ་འཇགས་ལས་གཞི་རྒྱུན་ལྡན་དུ་འཁོར་སྐྱོད་ཐུབ་པ་དང་ཆེས་ཆེ་བའི་ཕན་འབྲས་ཐོབ་པར་འགན་ལེན་བྱས། 2019ལོའི་ལོ་མཇུག་བར་དུ། བསང་ཆུ་རྫོང་གི་རོང་འབྲོག་སྡེ་བའི་འཐུང་ཆུ་བདེ་འཇགས་མིན་པའི་མི་གྲངས་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ་དང་། འཐུང་ཆུའི་བདེ་འཇགས་ཚད100%ལ་སླེབས། 

རྫོང་དང་ཤང་། སྡེ་བ། རུ་ཁག ཁྱིམ་ཚང་བཅས་རིམ་པ་ལྔ་ཡི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་དོ་དམ་མ་ལག་བཙུགས་ཏེ། དོ་དམ་ལས་ཁུངས་དང་དོ་དམ་མི་སྣ། འགྲོ་གྲོན་བཅས་དོན་འཁྱོལ་བྱས་ཤིང་། བསང་ཆུ་རྫོང་གི་ཆུ་བེད་ལག་རྩལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཙུགས་ནས་རྫོང་ཡོངས་ཀྱི་ཞིང་སྡེའི་ཆུ་མཁོ་སྤྲོད་སྦུག་ལམ་དང་། ཆུ་གསོག་ལས་གཞི  ཁྲོན་པ་སོགས་ལ་ཆེད་བསྐོས་དོ་དམ་མི་སྣ་གཏན་ཁེལ་བྱས་ནས་དུས་བཅད་ལྟར་ཞིབ་བཤེར་བྱས། 

བསང་ཆུ་རྫོང་གི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ཆུ་སྤུས་ཞིབ་དཔྱད་ཚད་ལེན་ལྟེ་གནས་གསར་དུ་བསྐྲུན་ནས་ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ14ལ་ཁྱབ་པར་བྱས་ཤིང་། ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ལྟེ་གནས་བསྐྲུན་པ་དེས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ཆུ་སྤུས་འགན་ལེན་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་། 

རྫོང་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་བ་དང་། ཆུའི་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་བ། ཆུ་མཁོ་འདོན་ལས་ཁུངས་ཀྱིས་འཁོར་སྐྱོད་དོ་དམ་གྱི་འགན་འཁྲི་འཁུར་བའི“འགན་འཁྲི་གསུམ”གྱི་མ་ལག་དོན་འཁྱོལ་ནན་མོ་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་ཆུ་སྦུག་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་མདའ་མེད་ཤང་གི་ཆུ་སྦུག་ས་ཚིགས་བསྐྲུན། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་དོ་དམ་བྱ་ཐབས་དང་། ལམ་ལུགས་བཅས་གཏན་འབེབས་བྱས་ནས་ལས་གཞི་ཡིས་རྒྱུན་ལྡན་ལྟར་ཆུ་མཁོ་འདོན་བྱེད་པ་ཁག་ཐེག་བྱས། 

ཆུ་བེད་སྤྱོད་བྱེད་པའི་ཁྱིམ་ཚང་ཚང་མར“བསང་ཆུ་རྫོང་གི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ཆུ་བེད་སྤྱོད་ཁྱིམ་ཚང་གི་གསལ་ཤེས་བྱང་བུ”བཀྲམས་པ་དང་། རྫོང་དང་ཤང་། སྡེ་བ་བཅས་ཀྱི་དོ་དམ་སྲུང་སྐྱོང་མི་སྣའི་མིང་ཐོ་དང་འབྲེལ་གཏུག་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་། དུས་མཚུངས་སུ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པའི་ཞིང་སྡེའི་འཐུང་ཆུའི་ཐེར་འདོན་གོང་ཞུའི་ལྟ་སྐུལ་ཁ་པར་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ཐེར་འདོན་ཐབས་ལམ་ཤར་གཏོང་བྱས་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་ཐག་བཅད་དོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།