ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲེམས་སྟོན་ཐོག་རིང་ཚད་ལ་སྨི་40ཡོད་པའི《མདོག་དགུའི་ཀན་ལྷོའི་ཐང་ཀ》ཡིས་ལྟད་མོ་བ་ཚོའི་ཡིད་དབང་བཀུག་ཡོད་པ་རེད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་དར་གོས་ཚོང་ལམ་རྨ་ཆུའི་ལྷོ་རྒྱུད་ཚོང་ལམ་དང་ཐང་བོད་གནའ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གནས་འདིའི་ས་ཁོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན། ཐང་ཀ་འདིར་འབྲི་རྩལ་དང་ཐང་ཀའི་སྒྱུ་རྩལ་གྱི་བམ་རིང་གཉིས་ཟུང་འབྲེལ་བྱས་ནས་རྣམ་པར་བཀྲ་བའི་རང་བྱུང་མཛེས་ལྗོངས་དང་། གནའ་ཉམས་བབ་ཆགས་ཤིང་དཔོག་དཀའ་བའི་བོད་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རྗེས་ཤུལ་གྱ་ནོམ་པ་བཅས་འདུས་ཡོད།
“མདོག་དགུའི་ཀན་ལྷོ་པེ་ཅིང་དུ་འཛོམས་ནས་རླབས་ཆེན་མེས་རྒྱལ་ལ་ལེགས་སྐྱེས་འབུལ”ཞེས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་ཚོགས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “མདོག་དགུའི་ཀན་ལྷོ་པེ་ཅིང་དུ་འཛོམས་ནས་རླབས་ཆེན་མེས་རྒྱལ་ལ་ལེགས་སྐྱེས་འབུལ”ཞེས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ཚོགས།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་རིག་གནས་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་ཀྲང་ཅན་ཧུའེ་དང་། ཞིང་ཆེན་མི་རིགས་ལས་དོན་ཨུའི་ཀྲུའུ་རེན་གཞོན་པ་སུང་ཀྲང་ཝུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན་སོགས་ཡོངས་བསྒྲགས་ཚོགས་འདུར་ཞུགས།
མི་དམངས་ཉིན་རེའི་ཚགས་པར་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་། པེ་ཅིང་བརྙན་འཕྲིན་ཁང་། ཀན་སུའུ་ཉིན་རེའི་ཚགས་པར། ཀན་སུའུ་བརྙན་འཕྲིན་ཁང་། རྒྱ་བྱ་དྲ་བ། འོད་ཟེར་དྲ་བ་སོགས་ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་གསར་འགོད་པ 40ལྷག་ཡོངས་བསྒྲགས་ཚོགས་འདུར་ཞུགས།
ཡོངས་བསྒྲགས་ཚོགས་འདུའི་ཐོག་བཀྲ་ཤིས་འཚོས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོ་མོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བ་དང་ལྷག་པར་དུ 1953ལོར་རང་སྐྱོང་ཁུལ་དབུ་བརྙེས་པ་ནས་བཟུང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་པའི་འོད་ཟེར་འོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་ཀྱིས་མདུན་སྐྱོད་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དེ་ཉམས་པ་ཀུན་གསོ་ནས་ལས་རིགས་མང་བོ་མཉམ་སྤེལ་བྱས་ཤིང་། རྨང་གཞིའི་ཆ་རྐྱེན་དེ་དབུལ་ཞིང་ཕོངས་པ་ནས་ཉིན་རེ་བཞིན་རྣམ་པ་གསར་བ་མངོན་པ་དང་། མི་དམངས་ཀྱི་འཚོ་བ་དེ་ཉམ་ཞན་དབུལ་ཕོངས་ནས་དབུལ་ཐར་ཕྱུར་འགྱུར་དང་། སྤྱི་ཚོགས་ཀྱི་བྱ་གཞག་དེ་རྗེས་ལུས་ནས་ཕྱོགས་ཡོངས་ཡར་ཐོན་ཡོང་བ། སྐྱེ་ཁམས་ཁོར་ཡུག་ཀྱང་ཞན་འགྱུར་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། རྗེས་སུ་མི་ལུས་པ་དང་འབད་འབུངས་ཡར་བརྩོན་གྱི་རླབས་ཆེན་ལེའུ་ཞིག་བརྩམས་པས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་རྣམ་པ་ཞིག་བཏོད་ཡོད་ཅེས་བཤད།
ཤེས་གསལ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་དེ་མི་རིགས་རིག་གནས་ཕོ་བྲང(པེ་ཅིང)དུ་གཉེར་རྒྱུ་དང 2019ལོའི་ཟླ 11པའི་ཚེས 22ཉིན་ནས་ཟླ 11པའི་ཚེས 28ཉིན་བར་སྤེལ་རྒྱུ་རེད། སྤྱིའི་འགྲེམས་སྟོན་གྱི་ས་ངོས་རྒྱ་ཁྱོན་ཕར་ཆེར་སྨི་གྲུ་བཞི་མ 2760ལྷག་ཟིན་པ་དང་། འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་ས་གནས་ཀྱི་ཁྱད་ཆོས་ལྡན། ཐེངས་འདིའི་འགྲེམས་སྟོན་དེ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ ཀྲུང་གུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིང་གཞུང་། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།།
འདི་ནི་གོས་སྐུ་བཤམས་སྐབས་ཀྱི་སྣང་བརྙན་ཞིག་ཡིན།
འདི་ནི“འཛམ་གླིང་གི་བོད་རིག་པའི་སློབ་གླིང”དུ་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཞིང་། དེ་ནི་སྤྱི་ལོ་1709ལོར་བཞེངས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་ཞིག་ཡིན་ཞིང་། དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན།
འདི་ནི་ཆུ་ལྷུང་ལྷུང་དུ་འབབ་པའི་བསང་ཆུའི་འགྲམ་ངོགས་ཡིན། དགེ་འདུན་རྣམས་ཀྱིས་ཆོས་ལུགས་ཀྱི་རོལ་ཆ་དཀྲོལ་བཞིན་ཡོད།
འདི་ནི་མི་རྣམས་ཀྱིས“ཤར་ཕྱོགས་ཀྱི་སུའེ་ཙེར་ཆུང་ཆུང”དུ་འབོད་པའི་ལྷ་མོ་དགོན་གྲོང་རྡལ་རེད།
འདི་ནི་མཚོ་ཉིན་མཚེའུ་ཡིན་པ་དང་མཚོ་བོད་ས་མཐོའི་ཤར་འདབས་ཀྱི་ས་མཐོའི་འདམ་ར་ཡིན་པ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ཁུལ་གལ་ཆེན་གྱི་གྲས་ཤིག་རེད།
འདི་ནི་རྨ་ཆུའི་རྟ་རྒྱུག་གི་རྣམ་པ་ཞིག་རེད།
འདི་ནི་མི་ལ་རས་པའི་ལྷ་ཁང་ངམ་སྲས་མཁར་དགུ་ཐོག་རེད། དེ་ནི་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་བླ་མ་སྐྱེས་ཆེན་མི་ལ་རས་པ་ལ་དྲན་གསོ་ཞུ་ཆེད་བཞེངས་བའི་ཐོག་རིམ་དགུ་ལྡན་གྱི་ལྷ་ཁང་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
“མདོག་དགུའི་ཀན་ལྷོ་པེ་ཅིང་དུ་འཛོམས་ནས་རླབས་ཆེན་མེས་རྒྱལ་ལ་ལེགས་སྐྱེས་འབུལ”ཞེས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་གྱིས་མི་རྣམས་ཀྱི་ཡིད་དབང་བཀུག་པ།