ཀྲུང་གོ་བོད་ཀྱི་དྲ་བ།

བོད་རིག་པའི་རིགས་གཅིག་མཁས་ཅན་གྱིས་ཀན་སུའུ་ཐེ་བོའི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་ཞིབ་འཇུག་བགྲོ་གླེང་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཉེ་བའི་ལོ་ཤས་རིང་གསར་དར་སྨྱན་སྦྱོར་སྣ་ཚོགས་རྒྱུན་ཆད་མེད་པར་ཁྱབ་གདལ་བྱུང་བ་དང་། སྣ་མང་རིག་གནས་སྤེལ་རེས་རྒྱ་ཆེར་གྱུར། ཆ་འཕྲིན་དྲ་རྒྱའི་བཀོལ་སྤྱོད་ཡར་ངོ་ཟླ་ལྟར་འཕེལ་བའི་ཤུགས་རྐྱེན་བཅས་དང་བསྟུན་ནས། ཐེ་བོའི་བོད་རིགས་ཀྱི་སྲོལ་རྒྱུན་མངོན་མིན་རིག་གནས་མེད་པར་འགྱུར་བའི་མྱུར་ཚད་སྔར་བས་མགྱོགས་སུ་ཕྱིན་ཅིང་། བོད་རིགས་ཀྱི་སྲོལ་རྒྱུན་མངོན་མིན་རིག་གནས་སྤྱི་ཚོགས་ཀྱི་འཚོ་བ་ལས་ཐག་ཇེ་རིང་དུ་སོང་ནས་སྟོངས་ལ་ཉེ་བ་རེད། དེར་བརྟེན་བོད་རིགས་ཀྱི་ངག་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པ་ནི་འགོར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་བ་དང་ཁ་ཚ་དགོས་གཏུག་གི་གནས་སུ་གྱར་ཡོད”ཅེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་སངས་རྒྱས་ཀྱིས་བཤད། 

ཚེས་10ཉིན་ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་ཐེ་བོ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཐེ་བོ་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལན་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ནང་ནས་ཡོང་བའི་བོད་རིག་པའི་རིགས་གཅིག་མཁས་ཅན་གྱིས་དེའི་རྒྱུན་འཛིན་དང་སྲུང་སྐྱོང་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་རེད། 

ཐེ་བོ་རྫོང་གི་རྫོང་དཔོན་ཅའོ་ཝུའེ་ཀྲུང་གིས། ཉེ་བའི་ལོ་ཤས་རིང་ཐེ་བོ་ཡིས“མངོན་མིན་རིག་གནས་ཤུལ་བཞག”གི་རྣམ་གྲངས་དང་དེའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞུ་འབུལ་དང་། གསོན་སྒྱུར་བེད་སྤྱོད་དང་རྒྱུན་འཛིན་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས་གྲུབ་འབྲས་ངེས་ཅན་ཐོབ་ཡོད་མོད། འོན་ཀྱང་ད་དུང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་མང་པོ་ཡོད་པས། “མངོན་མིན་རིག་གནས་ཤུལ་བཞག”གི་རྒྱུད་འཛིན་དང་དར་སྤེལ་ནི་ལས་འགན་ཆེ་ལ་ལམ་ཐག་རིང་བ་ཞིག་རེད་ཅེས་བརྗོད།

དབྱང་སངས་རྒྱས་ཀྱིས“2006ལོར་ཐེ་བོའི‘གར་པ’དེ་ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་ནང་བཅུག་པ་དང་། 2010ལོར་ཐེ་བོའི‘བོད་ལུགས་ཀླད་འགེབས’དང་། ཐེ་བོའི་དམངས་ཁྲོད་ཀྱི་གཏམ་རྒྱུད། ཐེ་བོའི་དམངས་ཁྲོད་ཀྱི་གཏམ་དཔེ་བཅས་རྣམ་གྲངས་གསུམ་པོ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་ནང་བཅུག་་པ་རེད”ཟེར། འབྲེལ་ཡོད་སྡེ་ཚན་གྱིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད“ཚེས་བཅུ་སྐོར་པ”དང་། “ལེའུའི་ཆོ་ག”“གར་པ”“ཐེ་བོའི་དམངས་ཁྲོད་ཀྱི་ཤིས་ཚིག”“ཐེ་བོའི་དམངས་ཁྲོད་ཀྱི་གཏམ་དཔེ”“ཐེ་བོའི་མི་རིགས་ཀྱི་གྱོན་ཆས”སོགས་རྣམ་གྲངས་དག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲུང་སྐྱོང་མིང་གཞུང་ནང་བཅུག་ནས་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད། 

ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་དྲུང་ཆེན། ཀན་སུའུ་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཡུང་གིས་“2018ལོའི་ལོ་མཇུག་བར་ཀན་སུའུ་བོད་རིགས་ས་ཁུལ་གྱི་ཧོར་རིགས་ཀྱི་གེ་སར་དང་། བླ་བྲང་དགོན་པའི་མདོ་དར། ཀན་ལྷོ་བོད་ལུགས་གསོ་རིག་སོགས་མངོན་མིན་རིག་གནས་ཤུལ་བཞག་11རྒྱལ་ཁབ་རིམ་པའི་མིང་གཞུང་ནང་ཚུད་ཡོད”ཅེས་བཤད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་དེ་དག་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་བོད་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་། རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ། མི་རིགས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་ལ་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བརྗོད། 

ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་ངག་དབང་རྒྱ་མཚོས་ཐེ་བོ་ས་ཁུལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། དེའི་ནང་ལྷག་པར་དུ་མཛེས་སྡུག་ལྡན་པའི་རི་ཆུའི་སྣོད་བཅུད་རིག་གནས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱའི་ལོ་རྒྱུས་རིག་གནས། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དམངས་ཁྲོད་གོམས་སྲོལ། གཟི་བརྗིད་ལྡན་པའི་ཆོས་ལུགས་རིག་གནས། བརྗིད་ཉམས་ཆེ་བའི་གསར་བརྗེའི་རིག་གནས་བཅས་མཚོན་བྱེད་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་མི་ཆོས་ས་ཁོངས་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། 

ཐེ་བོ་ནི་ཆིན་ལིན་དང་རྨིན་ཧྲན་རི་བོའི་བར་དུ་ཆགས་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ལྡན་ཡོད། ཞིང་ནགས་འབྲོག་གསུམ་མཉམ་འདུས་ཀྱི་སྣོད་བཅུད་མ་ལག་ལས་འོད་སྟོང་འཕྲོ་བའི་དམངས་ཁྲོད་རིག་གནས་མང་པོ་བྱུང་ནས་དེ་ཉིད་མཚོ་བོད་ས་མཐོའི་གདོད་མའི་སྣོད་བཅུད་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་འདུས་ཁུལ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།