འབྲུག་ཆུ་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་གྱོད་གཞི26དང་མི21ཞིབ་བཤེར་ཐག་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སྟེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་རྩད་ཞིབ་ནན་མོ་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐས་ཇུས་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་གྱོད་གཞི26ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི21ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད། མི76རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ་དང་། གྱོད་གཞི 23དང་མི 34བརྡ་ཁྱབ་བཏང་ནས་དམར་འདོན་བྱས། 

རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཀྱི་ཚུར་ལྡོག་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མངོན་ཞིབ་ལྐོག་འདྲི་བྱེད་པ་དང་། ཁྱིམ་ཚང་དུ་བསྐྱོད་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྔ་རྗེས་སུ་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་དང་། ཉེན་ཡོད་ཁང་རྙིང་སྒྱུར་བཀོད། ཐོན་ལས་དབུལ་སྐྱོར། མ་དངུལ་བེད་སྤྱོད་དོ་དམ། སྡེ་སྡོད་རོགས་སྐྱོར་བྱ་བའི་རུ་ཁག་གི་འགན་འཁྲི་སྒྲུབ་ཚུལ་བཅས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས 7བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་དོན་ཁག་དོན་འཁྱོལ་བྱས་ཡོད་མེད་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་དང་འབྲེལ་བའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་ནན་མོ་བྱས་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 

དེ་དང་ཆབས་ཅིག་ཏུ་འབྲུག་ཆུ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱ་བའི་སྤྱོད་ཚུལ་ཏན་ཏིག་མིན་པ་དང་། ཕྱི་ཚུལ་ཙམ་གྱི་རོགས་སྐྱོར་བྱ་བ་བསྒྲུབ་པ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་ལྟ་སྐུལ་སྒྲིག་བསྟར་དང་འགན་འཁྲི་བདའ་འདེད་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་ཅིག་ཐག་གཅོད་ནན་མོ་བྱས། ད་ལོ་ནས་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཁྲོད་ཀྱི་འགན་འཁྲི་མི་འཁུར་བ་དང་བྱ་བ་མི་བསྒྲུབ་པའི་གནད་དོན་ལ་དམིགས་ནས་ཤང་དང་གྲོང་རྡལ 14དང་སྡེ་ཁག 5ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་ནན་མོ་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།