ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་གྱི་རྐྱེན་གྱིས་བླ་བྲང་དགོན་གྱི་མཁར་གྱང་ཁ་ཤས་སུ་གས་སྲུབ་ཐོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚའེ་མིན་ལིས་ཀྱིས་ཚེས་29ཉིན་བཅར་འདྲི་དང་ལེན་བྱས་ནས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུའང་ཤུགས་རྐྱེན་ཐེབས་ཡོད། བསྟུད་མར་བརྟག་ཞིབ་དང་གྲལ་བཤེར་བྱས་པ་བརྒྱུད་མིག་སྔའི་བར་ལྷ་ཁང48ཁྲོད། པར་ཁང་དང་དེའི་གཞོགས་གཉིས་ཀྱི་མཛོད་ཁང་ལ་གཏོར་སྐྱོན་ཕོག་པ་དང་། གྱང་གས་པ་དང་རྩིག་རྨང་ལ་རྡིབ་ཤིང་། གཞན་པའི་ལྷ་ཁང47ལ་གཏོར་སྐྱོན་ཕོག་མེད་པ་དང་། གྲྭ་ཤག700ལྷག་གི་ནང་གྲྭ་ཤག300ལྷག་ལ་གྲལ་བཤེར་བྱས་པར་ཁང་པ་ཁག་གཅིག་གི་གྱང་གས་འདུག

U5P2DT20191029210508.jpg

བླ་བྲང་དགོན་ལ་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན་ལ། ཀྲུང་གོའི་ནང་བསྟན་ཆོས་དཔེའི་གྲངས་འབོར་ཆེ་ཤོས་དང་། རིག་གཞུང་ཆུ་ཚད་མཐོ་ཤོས། ཕུལ་བྱུང་མཁས་དབང་མང་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཀྱང་ཡིན་པས“འཛམ་གླིང་བོད་རིག་པའི་གནས་མཆོག”ཏུ་འབོད།  དགོན་སྡེ་དེར་ད་ཆ་སློབ་གླིང་ཆེ་གྲས་དྲུག་དང་། ལྷ་ཁང་48དང་གནའ་བོའི་དཔེ་དེབ་ཁྲི6.8ལྷག་དང་གྲྭ་ཤག700ལྷག་ཡོད་ལ། རིག་དངོས་མང་པོ་ཉར་ཚགས་བྱས་ཡོད་པ་རེད། 1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པ་རེད།

ཚེས་29ཉིན་གྱི་ཆུ་ཚོད་9བར། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་བསང་ཆུ་རྫོང་རྫོང་མཁར་དུ་གནས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་འབྱོར། དགོན་སྡེར་སྐྱོད་པའི་ལམ་བར་དུ་ལས་རིགས་གཅིག་པའི་བོད་རིགས་མང་ཚོགས་ཡོད་པ་དང་། ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བ་དགོན་སྡེར་ལྟ་སྐོར་དུ་ཡོང་ནས་ངོ་མཚར་ཆེ་བའི་བོད་ཀྱི་རིག་གནས་ཡུལ་སྲོལ་ལ་བཅར་འདྲི་བྱེད་བཞིན་ཡོད་ལ། དགོན་པའི་ནང་གི་གྲྭ་བས་གྲྭ་ཤག་ཏུ་གཙང་སྦྲ་བྱེད་པའམ་ཡང་ན་འདུ་ཁང་ནང་དུ་བྲེལ་བཞིན་ཡོད།

ཟླ་10ཚེས28ཉིན་གྱི་ཐོ་རེངས་སུ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ5.7བརྒྱབ་པ་དང་། ས་ཡོམ་ལྟེ་ཁུལ་ནི་རྫོང་འདིའི་ཙཱ་ཡུས་ཤང་དུ་ཁེལ་ཡོད་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་18ཡོད་པ་དང་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་དུ་ཡོམ་ཚོར་ཆེན་པོ་བྱུང་ཡོད། གཞུང་ཕྱོགས་ཀྱི་གྲལ་བཤེར་བསྡོམས་རྩིས་བྱས་པ་བརྒྱུད་མིག་སྔར་ས་ཡོམ་ནང་མི21ལ་རྨས་སྐྱོན་ཕོག་པ་དང་དུད་ཚང234ལ་གནོད་འཚེ་ཕོག་པ་རེད།

ས་ཡོམ་བརྒྱབ་རྗེས་རིག་དངོས་དང་ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དགོན་སྡེར་པར་ལེན་དང་ལྟ་ཞིབ་བྱེད་པར་ཡོང་བ་དང་། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས་ཁོང་ཚོ་དང་མཉམ་དུ་བཅར་འདྲི་བྱེད་པར་བསྐྱོད། དགོན་པའི་སྨད་ཀྱི་པར་ཁང་དུ་སྐྱོད་སྐབས་གསུམ་ཐོག་གི་རྩིག་ལྡེབས་སུ་གས་ཁ་ཆེན་པོ་ཤོར་བའི་སྣང་ཚུལ་མངོན་ཡོད། གྱང་རྩའི་གས་ཁ་ཅུང་ཚབས་ཆེ་ལ། དཔར་ཤིང་འཇོག་སའི་ཆ་སྒམ་ཐོག་ས་ཡོམ་རྒྱབ་པའི་ས་རྡུལ་དང་ཤིང་རྡུལ་གྱིས་ཁེངས་ཡོད། པར་ཁང་གི་གཞོགས་གཉིས་ཀྱི་མཛོད་ཁང་གི་གྱང་གས་པ་ཅུང་ཚབས་ཆེན་ཡིན་པ་དང་། གྱང་མཁར་རྡིབ་པའི་སྣང་ཚུལ་བྱུང་ཡོད།

ཚའེ་མིན་ལིས་ཀྱིས་པར་ཁང་དེ་དུས་རབས་20པའི་ལོ་རབས་80པར་བསྐྱར་སྐྲུན་བྱས་པ་དང་དེའི་ནང་རྩ་ཆེའི་པར་ཤིང་དང་དཔེ་ཆ་ཉར་ཚགས་བྱས་ཡོད། ད་ཐེངས་ཀྱི་ས་ཡོམ་ཁྲོད་ལྷ་ཁང་དེར་གཏོར་སྐྱོན་ཅུང་ཚབས་ཆེན་ཕོག་ཡོད་པས། རྗེས་མར་ཉམས་གསོ་ལས་དོན་ཐད་ས་གཤིས་དང་རིག་དངོས་སོགས་སྡེ་ཚན་གྱི་གྲོས་གཞིར་ཟུར་ལྟ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། གཞན་ཡང་གྲྭ་ཤག་ཁག་གཅིག་གི་ཁང་བར་གས་ཁ་ཤོར་བའི་སྣང་ཚུལ་ཡོད་པ་དང་སྡོད་ཁང་ལ་ཤུགས་རྐྱེན་ཕོག་མེད། དེ་རྗེས་ད་དུང་གྲལ་བཤེར་བྱས་མེད་པའི་ལྷ་ཁང་དང་གྲྭ་ཤག་ལ་ཞིབ་བཤེར་ཞིབ་ཚགས་བྱ་རྒྱུ་ཡིན་པ་རེད།

གཞན་ཡང2013ལོར་ལས་འགོ་ཚུགས་པའི་དུས་ཡུན་ལོ7རིང་གི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་ལས་དོན་ད་ལྟའང་སྤེལ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན2019ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་དང་། ད་ཐེངས་ཀྱི་ཉམས་གསོ་ནི་དགོན་སྡེ་བསྐྲུན་ནས་ལོ300ལྷག་ཙམ་སོང་རིང་ཉམས་གསོ་ཆེན་པོ་བྱེད་ཐེངས་དང་པོ་ཡིན་པ་དང་། འཆར་གཞི་ལྟར་ན་ཁྱོན་མ་དངུལ་དམངས་སྒོར་དུང་ཕྱུར་5གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།